R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༤༤ན
[A:༡༤༤ན]བཞུགས་ཤིང་དོན་ལ་ཡང་གནས་པར་འདོད་དགོས་ཤིང་། དེ་མིན་པར་ལོ་གཅིག་ལྟར་ན་ཡང་ཀུན་དགའ་བློ་གྲོས་འཁྲུངས་ནས་བདག་ཉིད་ཆེན་པོས་ལོ་ཉེར་ལྔ་བཞུགས་པར་འབད་མེད་དུ་འགྲུབ་ཅིང་། ཉེར་བཞི་པ་ཆོས་འཁོར་མཛད་པའི་ལོ་གཤེགས་པ་ཡིན་ནའང་ལོ་ཉེར་བཞི་བཞུགས་པ་ལ་ཐེ་ཚོམ་གཏན་མི་སྣང་ལ། དེས་ན་ཉི་ལྡེ་བ་ལྟར་ན་ཏི་ཤྲཱི་ཀུན་བློ་འཁྲུངས་ནས། ཡབ་བདག་ཉིད་ཆེན་པོ་དགུང་ལོ་ཉི་ཤུ་རྩ་གསུམ་ལས་མ་བཞུགས་པར་འདོད་དགོས། བདག་ཉིད་ཆེན་པོ་དགུང་ལོ་སོ་བརྒྱད་པའི་སྲས་ཏི་ཤྲཱི་ཀུན་བློ་ཡིན་པ་དང་། བདག་ཉིད་ཆེན་པོ་དགུང་ལོ་རེ་གཅིག་པ་ལ་གཤེགས་པར་ཉི་ལྡེ་བ་རང་གིས་བཤད་པས་སོ། །དེ་ལྟར་ན་ཏི་ཤྲཱི་དགུང་ལོ་ཉེར་གསུམ་པའི་དུས་ཡབ་གཤེགས་དགོས་པ་ལས། དེ་ནི་མ་ཡིན་པར་ཉེར་བཞི་པའི་དུས་བསྙེན་རྫོགས་དང་། དེ་ནས་ཆོས་འཁོར་མཛད། དེའི་རྗེས་སུ་ཡབ་གཤེགས་པར་ཉི་ལྡེ་བ་རང་དང་། གཞན་གདུང་རབས་མཛད་པ་པོ་ཕལ་ཆེར་མཐུན་པར་འབྱུང་བ་རྣམ་དཔྱོད་ཀྱི་མིག་གིས་བལྟས་ན་གསལ་བ་ཡིན་ནོ། །དེ་བས་ན་ཉི་ལྡེ་བའི་གདུང་རབས་ལས་བདག་ཉིད་ཆེན་པོ་དགུང་ལོ་རེ་གཅིག་པ་ལ་གཤེགས་པར་བཤད་པ་ནི་ཡི་གེ་པའི་སྐྱོན་ནམ། མ་ཡིན་ན་ལོ་གྲངས་ཅུང་ཟད་ནང་འགལ་བ་ལྟ་བུར་སྣང་བས་ཅུང་ཟད་དཔྱད་པར་བྱ་བའི་གཞིར་སྣང་ངོ་། །གང་ལྟར་ཡང་དེ་ལྟ་བུའི་བླ་མ་བདག་ཉིད་ཆེན་པོ་དེའི་སྐུ་རིང་ལ་ཁ་བ་ཅན་གྱི་ལྗོངས་འདིར། གང་གི་སྐུའི་ཉིན་བྱེད་ཤར་བ་ལས། །རྒྱལ་བསྟན་པདྨོའི་ཚལ་རབ་ཏུ་བཞད་དེ། །སྐལ་ལྡན་བུང་བའི་ཚོགས་ལ་དཔལ་འབྱོར་ཕུན་ཚོགས་ཀྱི་སྦྲང་རྩི་ཅི་ཡང་སྟེར་བར་མཛད་