R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༤༣བ
[A:༡༤༣བ]གདུང་རབས་ལས། དྲུག་ཅུ་རེ་གཅིག་པ་ཆུ་ཕོ་ཁྱི་ལོ། འཕགས་པ་ཀུན་བློས་ཆོས་འཁོར་ཆེན་པོ་མཛད་པའི་རྗེས་གྲོ་བཞིན་ཟླ་བའི་མཇུག་ལ་ཞི་བར་གཤེགས་སོ་ཞེས་བཤད་མོད་ཀྱང་། འདི་ནི་ཅུང་ཟད་བརྟག་པར་བྱ་དགོས་ཏེ། བདག་ཉིད་ཆེན་པོ་འདིའི་སྲས་ཏི་ཤྲཱི་ཀུན་བློར་གྲགས་པ་དེ་ཡབ་དགུང་ལོ་ཞེ་བརྒྱད་པའི་དུས་འཁྲུངས་ནས། དགུང་ལོ་བརྒྱད་པ་ལ་བརྟག་གཉིས་གསུངས་པར་ཉི་ལྡེ་བས་བཤད། གདུང་རབས་གཞན་རྣམས་ལས་དགུང་ལོ་དགུ་པ་ལ་གསུངས་པར་བཤད། དགུང་ལོ་བཅུ་གཅིག་པ་ལ་གོང་དུ་བྱོན་པར་གཙང་བྱམས་པ་དང་། ཉི་ལྡེ་བ་གཉིས་ཆར་མཐུན་ཅིང་། བླ་མ་དམ་པའི་དངོས་སློབ་ཤེས་རབ་རྡོ་རྗེས་བཅུ་དྲུག་པ་ལ་ཧོར་ཡུལ་དུ་ཕེབས་པར་ཡང་བཤད་ལ། སྟག་ཚང་གདུང་རབས་ལས་འཁྲུངས་ལོ་འདས་ལོ་མ་གཏོགས་ལོ་རྟ་གསལ་ཁ་མ་གསུངས། ཧོར་ཡུལ་ནས་བོད་འདིར་བསྙེན་རྫོགས་བསྒྲུབས་པར་དགུང་ལོ་ཉེར་ལྔ་པའི་དུས་ཕེབས་པར་ཤེས་རབ་རྡོ་རྗེས་བཤད། ཉེར་བཞི་པ་ལ་ཕེབས་པར་མུས་སྲད་པས་ཀྱང་བཤད། ཉི་ལྡེ་བ་རང་གི་གདུང་རབས་ལས་ཀྱང་དེ་དང་མཐུན་པར་འབྱུང་ཞིང་། ཉེར་བཞི་པ་ལ་བསྙེན་རྫོགས་མཛད་པའི་རྗེས་སུ་ཆོས་འཁོར་རྒྱ་ཆེན་པོ་ཞིག་མཛད། དེ་ནས་ལོ་གྲངས་གསལ་ཁ་ཅན་མ་བྱུང་ཡང་། དེའི་རྗེས་སུ་ཡབ་བདག་ཉིད་ཆེན་པོ་སྐུ་གཤེགས་པར་ཉི་ལྡེ་གདུང་རབས་ལས་བཤད་པས། ཀུན་བློས་ཆོས་འཁོར་མཛདགྲུབ་ནས་ཀྱང་། ཡབ་བདག་ཉིད་ཆེན་པོ་ལོ་གཅིག་ཙམ་ཐ་ནའང་བཞུགས་པར་ཁས་ལེན་དགོས་ལ། གདུང་རབས་གཞན་ལྟར་ན་དགུང་ལོ་ཉེར་དྲུག་པའི་དུས་ཡབ་གཤེགས་པས་ཆོས་འཁོར་གྲུབ་ནས་ལོ་གཉིས་