R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༤༨བ
[A:༡༤༨བ]བདག་ཉིད་ཆེན་པོ་འཕགས་པ་བློ་གྲོས་རྒྱལ་མཚན་དང་རྣམ་ཐར་མཚུངས་པ་ཡིན་ནོ་ཞེས་བཤད་པས། སྐལ་ལྡན་བློ་གསལ་རྣམས་ཀྱིས་གོང་དུ་བསྟན་པའི་འཕགས་པའི་རྣམ་ཐར་ལྟ་བུ་འདི་ལ་ཡང་མངའ་བར་ཤེས་པར་བྱའོ། །དེ་ལྟ་བུའི་བླ་མ་དེ་ཉིད་ཞིང་འདི་བས་ཞིང་ཁམས་གཞན་དུ་འགྲོ་བའི་དོན་རྒྱ་ཆེ་བ་ལ་དགོངས་ནས། དགུང་ལོ་ཉི་ཤུ་རྩ་དགུ་པ་མེ་མོ་ཡོས་ཀྱི་ལོ་མེ་ཏོག་ར་བ་ཞེས་བྱ་བ་ཆོས་རྒྱལ་འཕགས་པའི་གདན་ས་ཆེ་བ་གསུམ་གྱི་ནང་ཚན་གྱི་གནས་མཆོག་དེ་ཉིད་དུ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་ཞི་བར་གཤེགས་སོ། །འདིར་བླ་མ་དམ་པའི་དངོས་སློབ་ཤེས་རབ་རྡོ་རྗེའི་གདུང་རབས་ལས་དགུང་ལོ་བཅུ་དྲུག་པ་ལ་གོང་དུ་བྱོན་ནས། ཉེར་ལྔ་པ་ལ་བསྙེན་རྫོགས་མཛད། ཉེར་དགུ་པ་ལ་སྐུ་གཤེགས་པར་བཤད་མོད་ཀྱང་། ཏི་ཤྲཱི་གདན་རབས་ལས། བླ་མ་འདིས་རྒྱལ་པོའི་ཏི་ཤྲཱི་ལོ་བཅུ་དྲུག་ཙམ་མཛད་ཅེས་འབྱུང་བ་ལྟར་ན་དགུང་ལོ་བཅུ་དྲུག་པ་ནས། ཉེར་དགུའི་བར་ལ་ལོ་བཅུ་དྲུག་མི་ལོངས་པ་མངོན་སུམ་དུ་གྲུབ་པས་ཅུང་ཟད་བརྟག་པར་བྱའོ། །ཡང་འདིར་ཅུང་ཟད་དཔྱད་དགོས་པའི་དོགས་པ་ནི། གཙང་བྱམས་པའི་གདུང་རབས་ལས། བདག་ཉིད་ཆེན་པོ་ཡན་ཆད་ལ་ས་སྐྱ་སྤྱི་ལ་དབང་བའི་གདུང་རབས་དང་། དེའི་སྲས་རྣམས་ལ་སོ་སོར་དབང་བསྒྱུར་བའི་གདུང་རབས་ཞེས་བཤད་པ་ལྟར་དེ་བཞིན་ཡིན་པ་ཡོངས་ལ་གྲགས་མོད། དེ་ལྟར་ན་ཏི་ཤྲཱི་ཀུན་བློས་རང་གི་གཅུང་རྣམས་ལ་བླ་བྲང་རྣམས་བགོས་ནས་གནང་བར་བཤད་པས། དེ་ཡན་དུ་བླ་བྲང་གོ་བཞིར་གྱེས་པ་དེ་མ་བྱུང་ལ། གོ་བཞིར་གྱེས་པ་ཏི་ཤྲཱི་ཀུན་བློའི་གཅུང་རྣམས་ནས་བྱུང་བས་ན། དེ་ཕྱིན་ཆད་ཀྱི་གདུང་