[A:༡༤༨ན]བསྟན་བཅོས་ལ་སོགས་པ་མང་དུ་ནོད་དེ་ཐུགས་སུ་ཆུད་པར་མཛད། དེ་ལྟར་དབུས་གཙང་གི་སྐྱེ་བོ་རྣམས་ལ་ཆོས་དང་ཟང་ཟིང་གི་སྦྱིན་གཏོང་རྒྱ་ཆེན་པོ་དང་། ཁྱད་པར་བླ་མ་འདི་ཉིད་ཀྱིས་གོང་དུ་རྒྱལ་པོ་ཆེན་པོ་ལ་ཞུས་ནས། དབུས་གཙང་རྣམས་ལ་ཁྲལ་མེད་པ་ཡང་ལོ་དུ་མ་མཛད་དེ། གངས་ཅན་གྱི་སྐྱེ་བོ་རྣམས་བདེ་བ་ལ་བཀོད་ནས། དེ་ནས་དགུང་ལོ་ཉེར་དྲུག་པ་བྱི་བའི་ལོ་ལ་ཡབ་བདག་ཉིད་ཆེན་པོ་སྐུ་གཤེགས་པ་ན། གཅུང་རྣམས་ལ་བླ་བྲང་རྣམས་བགོས་ནས་གནང་སྟེ། དེ་ཡང་བླ་མ་མཁས་བཙུན་པ་སྐུ་མཆེད་ལ་ཤེལ་གྱི་དམ་ཁ་དང་གཞི་ཐོག་བླ་བྲང་གནང་། ཏི་ཤྲཱི་ལེགས་འབྱུང་སྐུ་མཆེད་ལ་གསེར་གྱི་དམ་ཁ་དང་ལྷ་ཁང་བླ་བྲང་གནང་། འཇམ་དབྱངས་དོན་ཡོད་རྒྱལ་མཚན་སྐུ་མཆེད་ལ་ཤེལ་གྱི་དམ་ཁ་དང་རིན་ཆེན་སྒང་བླ་བྲང་གནང་། དབང་ཀུན་དགའ་ལེགས་པ་ལྕམ་སྲིང་ལ་གསེར་གྱི་དམ་ཁ་དང་དུས་མཆོད་བླ་བྲང་གནང་སྟེ། སླར་ཡང་གོང་ནས་སྤྱན་འདྲེན་པའི་ཕོ་ཉ་མངགས་པའི་ངོར་ཤར་ཕྱོགས་ལ་ཕེབས་ཏེ། དེའི་ཚེ་ཡང་རྒྱལ་པོ་སྲས་དང་བཙུན་མོ་དང་བློན་པོའི་ཚོགས་དང་བཅས་པས། རོལ་མོ་ལ་སོགས་པ་བཀོད་པའི་ཁྱད་པར་དུ་མ་དང་བཅས་པས་ཕོ་བྲང་དུ་གདན་དྲངས་ནས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་ཚུལ་དུ་མ་སྩལ་ཏེ། རྒྱལ་བསྟན་མེ་ཏོག་ཀུནྡའི་ཚལ་རྒྱས་པ་ལ་ཟླ་བའི་འོད་ཟེར་ཕོག་པ་ལྟར་ཆེས་ཆེར་གསལ་བར་མཛད་པ་ཡིན་ལ། དེ་དག་ནི་བླ་མ་འདིའི་རྣམ་ཐར་ཆ་ཙམ་ཡིན་ཞིང་། རྒྱས་པར་ནི་རྒྱའི་ཡིག་ཚང་དུ་བླ་མ་དང་རྒྱལ་པོ་གང་བྱོན་པ་ཐམས་ཅད་ཀྱི་མཛད་སྤྱོད་འཕྲལ་ལ་ཡི་གེར་འདེབས་བས། དེའི་ལུགས་ལྟར་ན་བླ་མ་འདི་དང་