[A:༡༥༠ན]རབས་ལས། སྐུ་མཆེད་འདི་གསུམ་གྱི་སྔོན་དུ་སྲས་གཅིག་འཁྲུངས་པ་གཞོན་ནུ་ལ་གཤེགས་ཞེས་བཤད་པ་ལྟར་ན་སྲས་བཞི་བྱུང་བར་ཡང་མངོན་ནོ། །འདི་རྣམས་ཀྱི་གཅུང་གུ་ཤྲཱི་ནམ་མཁའ་རྒྱལ་མཚན་དུ་གྲགས་པ་འདི་ཡབ་བདག་ཉིད་ཆེན་པོ་གཤེགས་པའི་ལོ་འཁྲུངས་པ་ཡིན་ཞེས་བླ་མ་དམ་པའི་དངོས་སློབ་ཤེས་རབ་རྡོ་རྗེས་མཛད་པའི་གདུང་རབས་ལས་འབྱུང་ཡང་། གདུང་རབས་ཕལ་ཆེ་བ་ལས་བཤད་པ་ལྟར་ཡོངས་སུ་གྲགས་པ་ལ་འདི་ཉིད་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་དང་དགུང་རྟགས་གཅིག་ཏུ་བཤད་པ་དང་། ཁྱད་པར་དུ་བདག་ཉིད་ཆེན་པོའི་སྲས་རྣམས་བདག་ཉིད་ཆེན་པོ་རང་གི་དགུང་ལོ་ལྔ་བཅུ་ང་གཅིག་པ་ཡན་ལ་རྫོགས་ནས་ང་གཉིས་པ་ལ་བསྙེན་རྫོགས་མཛད་པར་ཡོངས་ལ་གྲགས་པ་ཡིན་ཅིང་། བདག་ཉིད་ཆེན་པོ་གཤེགས་པའི་ལོ་ནི་དྲུག་ཅུ་རེ་གསུམ་པ་ཡིན་པས། དེ་དུས་སྲས་འཁྲུངས་ན་སྲས་ཡུམ་གྱི་ཁོང་དུ་ལོ་བཅུ་ལྷག་ཙམ་བཞུགས་པའམ། ཡང་ན་བདག་ཉིད་ཆེན་པོས་བསྙེན་རྫོགས་མཛད་པའི་རྗེས་སུ་སླར་ཡང་གདུང་སྤེལ་མཛད་པར་ཁས་ལེན་དགོས་འབྱུང་བས། གོང་དུ་བཤད་པ་ཉིད་དག་གམ་སྙམ་མོ། །འདི་ལ་མུས་སྲད་པས་གདུང་རབས་སུ་ཡབ་གཤེགས་པའི་ལོ་ཡིན་ཟེར་ཏེ་བརྟག ཆུ་ཕོ་བྱི་བར་བྱས་ན་བླ་མ་དམ་པ་དང་དགུང་རྟགས་གཅིག་ཏུ་ཡོང་གསུང་པ་ཙམ་ལས་མ་གསུངས་ལ།
ཀུན་དགའ་རིན་ཆེན།
གང་ལྟར་ཡང་བདག་ཉིད་ཆེན་པོའི་སྲས་མཁས་བཙུན་ནམ་མཁའ་ལེགས་པའི་བློ་གྲོས་རྒྱལ་མཚན་ནམ། གཞི་ཐོག་པ་མཁས་བཙུན་ཆེན་པོར་ཡང་གྲགས་པ་དེའི་སྟ་སྟེ་ངམ་རིང་གི་ཡུལ་ནས་ཕ་མིང་ཁང་གསར་བ་བྱ་བ་ཅིག་གི་བུ་སྲིང་