[A:༡༤༩བ]བྱ་བ་འཆད་ཉན་སྒོམ་གསུམ་དང་། རྒྱལ་བའི་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པ་ལ་སོགས་མཛད་པ་འཕྲིན་ལས་རྒྱ་ཆེན་པོ་ཞིག་མཛད་ཅིང་། ཁྱད་པར་བྱང་པ་བདག་པོ་ཏ་དབེན་པས་གདན་ས་ཆེན་པོར་ཞབས་འདྲེན་ཚབས་ཆེས་པ་ལ་བརྟེན་དེ་ལ་དམིགས་པའི་གུར་གྱི་མགོན་པོའི་འབུར་སྐུ་ལྕམ་དྲལ་ལས་མཁན་དང་བཅས་པ་དང་། མགོན་པོ་རྐྱང་པའི་འཆམས་སྐུ་རྣམས་བཞེངས་ནས་རབ་གནས་མཛད་པ་དང་དུ་མཚུངས་པར། བྱང་པ་ཏ་དབེན་པ་མངོན་སུམ་དུ་ཚར་བཅད་པ་སོགས་ཆོས་སྐྱོང་རྣམས་ལ་མི་ལ་མིས་ལབ་པའི་ཚུལ་གྱིས་མཐུ་སྟོབས་ཐོགས་མེད་མངའ། དགུང་ལོ་སོ་དགུ་པ་ཆུ་མོ་ལུག་གི་ལོ་ཟླ་བ་དགུ་པའི་ཚེས་བརྒྱད་ལ་གཞི་ཐོག་གཟིམ་ཁང་དུ་བདེ་བར་གཤེགས་སོ། །འདིའི་གཅུང་ཆེ་བ་བླ་མ་ནམ་མཁའ་བཤེས་གཉེན་དུ་གྲགས་པ་ནི་གཞོན་ནུ་ནས་སྐུ་གཤེགས།
ཆུང་བ་གུ་ཤྲཱི་ནམ་མཁའ་རྒྱལ་མཚན་དཔལ་བཟང་པོ། ཡབ་བདག་ཉིད་ཆེན་པོ་དགུང་ལོ་ལྔ་བཅུ་ང་གཅིག་པ་ཆུ་ཕོ་བྱི་བའི་ལོ་ལ་སྐུ་འཁྲུངས་ཏེ། གུང་རུ་ཤེས་རིན་ལ་སོགས་པ་བསྟེན་ནས་ཐུགས་སྦྱོང་མཛད་པས་གཞོན་ནུ་ལ་ཡབ་ཀྱི་ཆོས་ཐམས་ཅད་ཐུགས་ལ་ཆུད་ནས། ཚོགས་ཆོས་ཡང་མང་དུ་གསུངས་པས་སྙན་གྲགས་ཆེ་བར་ཡོད་པ་ན། གོང་ནས་གདན་འདྲེན་འབྱུང་སྟེ་ཆག་ཕེབས། མིའི་དབང་པོ་གོང་མའི་བླ་མཆོད་མཛད་དེ། བསྟན་པའི་བྱ་བ་རྒྱ་ཆེན་པོ་ཞིག་བསྒྲུབས་ནས་དགུང་ལོ་ཉི་ཤུ་པ་ལ་རྒྱལ་པོའི་ཕོ་བྲང་དང་ཉེ་བའི་སའི་ཆ་མེ་ཏོག་ར་བ་ཞེས་བྱ་བར་སྐུ་གཤེགས་སོ། །དེས་ན་བདག་ཉིད་ཆེན་པོའི་བཙུན་མོ་ནམ་མཁའ་རྒྱལ་མོར་གྲགས་པ་འདི་ལ་སྲས་གསུམ་འཁྲུངས་པ་ཡིན་ཞིང་། ཡང་སྟག་ཚང་གདུང་