R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༥༣ན
[A:༡༥༣ན]སོགས་མཐར་ཕྱིན་པ། །འཕགས་པ་བཞི་ཡི་གོ་འཕང་མངོན་གྱུར་ནས། །
སྐྱེ་རྒ་ན་འཆིའི།
ཆུ་བོ་བཞི་ལས་འགྲོ་ཀུན་འདྲེན་མཛད་པའི། །བླ་བྲང་གཞི་ཐོག་གདུང་རབས་འདི་ངོ་མཚར། །སྐྱེས་སྦྱངས་བསྒོམས་པས་མཁྱེན་རབ་དང་ལྡན་ཞིང་། །ཐོས་བསམ་བསྒྲུབས་པས་རང་དོན་མཐར་ཕྱིན་ནས། །འཕྲིན་ལས་རྣམ་བཞིས་གཞན་དོན་སྐྱོང་མཁས་པའི། །སྤྲུལ་པའི་སྐྱེས་མཆོག་རྣམས་ལ་སྙིང་ནས་འདུད། །ལུང་དང་རྟོགས་པའི་ཡོན་ཏན་གྱིས་ཕྱུག་ཅིང་། །བསྙེན་སྒྲུབ་ལས་གསུམ་བྱ་བ་མཐར་ཕྱིན་པས། །བསྟན་སྲུང་དབང་པོ་ཐམས་ཅད་བྲན་འཁོལ་བ། །ཁྱེད་རྣམས་བཞིན་དུ་བདག་ཀྱང་འགྱུར་བར་ཤོག །བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །། གཉིས་པ་རིན་ཆེན་སྒང་བླ་བྲང་པའི་གདུང་རབས་བཤད་པ་ལ་ཡང་། ཚིགས་བཅད་ཀྱི་སྒོ་ནས་མདོར་བསྟན་པ་དང་། དེའི་དོན་རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། རྗེ་བཙུན་ས་སྐྱ་པའི་གདུང་རབས་ཡ་རབས་ཁ་རྒྱན་ལས། གཞི་ཐོག་བླ་བྲང་པའི་གདུང་རབས་བྱོན་ཚུལ་བཤད་ཟིན་པའི་མཇུག་དེ་མ་ཐག་ཏུ། བདག་ཉིད་ཆེན་པོའི་བཙུན་མོ་ཞ་ལུ་མ། །མ་གཅིག་གཞོན་འབུམ་མཚན་གཞན་ལུག་སྐྱེས་ལ། །ཏ་དབེན་ཀུན་རིན་འཇམ་དབྱངས་དོན་ཡོད་པ། །འགྲོ་མགོན་བསོད་ནམས་རྒྱལ་མཚན་མཆེད་གསུམ་འཁྲུངས། །འཇམ་དབྱངས་དོན་ཡོད་བཙུན་མོ་ཞ་ལུ་མ། །མ་གཅིག་ཡོན་ཏན་དཔལ་འབུམ་ཞེས་བྱའི་སྲས། །ཉི་མ་རྒྱལ་མཚན་བླ་ཆེན་ཀུན་རྒྱལ་གཉིས། །བླ་ཆེན་ཀུན་རྒྱལ་བཙུན་མོ་ཞ་ལུ་མ། །མ་གཅིག་ནམ་མཁའ་རྒྱལ་མོ་ཞེས་བྱ་ལ། །འཇམ་དབྱངས་ཆེན་པོ་ནམ་མཁའ་རྒྱལ་མཚན་དང་། །