[A:༡༥༣བ]མཐུ་སྟོབས་དབང་ཕྱུག་བསོད་ནམས་རྒྱལ་མཚན་འཁྲུངས། །འཇམ་དབྱངས་ནམ་རྒྱལ་བཙུན་མོ་ཁྲོ་མདའ་མ། །མ་གཅིག་དཔལ་འབྱུང་རྒྱལ་མོ་ཞེས་བྱའི་སྲས། །རྒྱ་དཀར་ཤེས་རྒྱལ་བློ་གྲོས་རྒྱལ་མཚན་གཉིས། །མཐུ་སྟོབས་དབང་ཕྱུག་བཙུན་མོ་ལྡན་ཡུལ་མ། །ཀུན་དགའ་འབུམ་སྲས་གྲགས་པ་རྒྱལ་མཚན་ཏེ། །དེ་རྣམས་རིན་ཆེན་སྒང་པའི་ཞལ་ངོ་འོ། །ཞེས་སོ། །གཉིས་པ་དེའི་དོན་རྒྱས་པར་བཤད་པ་ནི། མཁས་པའི་དབང་པོ་གཙང་བྱམས་པ་རྡོ་རྗེ་རྒྱལ་མཚན་གྱིས་མཛད་པའི་གདུང་རབས་ལས། བདག་ཉིད་ཆེན་པོས་རྒྱལ་པོའི་ལུང་གིས་ཕུད་པའི་བཙུན་མོ་དྲུག་བཞེས་པའི་ནང་ནས། དབང་བསོད་ནམས་བཟང་པོའི་ཡུམ་དཔོན་མོ་མུ་ད་གན་བྱ་བ་བདག་ཉིད་ཆེན་པོའི་བཙུན་མོ་དང་པོ་དང་། ཏི་ཤྲཱི་ཀུན་བློའི་ཡུམ་མང་མཁར་སོག་སྤེ་མ་གཉིས་པ། གཞི་ཐོག་མཁས་བཙུན་པ་སྐུ་མཆེད་ཀྱི་ཡུམ་གླང་མཚོའི་ན་སྤེ་མ་ནམ་མཁའ་རྒྱལ་མོར་གྲགས་པ་གསུམ་པ། །ཏི་ཤྲཱི་ཀུན་དགའ་ལེགས་འབྱུང་བ་སྐུ་མཆེད་ཀྱི་ཡུམ་ཀུན་དགའ་ནམ་མཁའི་རྒྱལ་མཚན་ཞེས་བྱ་བ་བཙུན་མོ་བཞི་པ། བདག་ཉིད་ཆེན་པོའི་སྲས་ཀུན་དགའ་ལེགས་པ་ལྕམ་སྲིང་གི་ཡུམ་རེ་འདའ་མ་ལྷ་གཅིག་ཉི་མ་རིན་ཆེན་ཞེས་བྱ་བ་ལྔ་པ་དང་། འཇམ་དབྱངས་དོན་ཡོད་རྒྱལ་མཚན་སྐུ་མཆེད་ཀྱི་ཡུམ་ཞ་ལུ་མ་མ་གཅིག་གཞོན་ནུ་འབུམ་བྱ་བ་བཙུན་མོ་དྲུག་པར་མཛད་ནས། བླ་བྲང་སོ་སོའི་གདུང་བརྒྱུད་བྱོན་ཚུལ་གྱི་གོ་རིམ་ཡང་གཞི་ཐོག་པའི་རྗེས་སུ་ལྷ་ཁང་བླ་བྲང་པ། དེ་ནས་དུས་མཆོད་པ། དེ་ནས་རིན་ཆེན་སྒང་བླ་བྲང་པའི་གདུང་རབས་བྱོན་པའི་ཚུལ་བཤད་ཀྱང་། བཙུན་མོ་རྣམས་གོ་རིམ་དེ་ཉིད་ཡིན་པས་བླ་བྲང་སོ་སོའི་གདུང་རབས་