[A:༡༥༤ན]བྱོན་ཚུལ་གྱི་གོ་རིམ་ཡང་དེ་ལྟར་བཤད་པ་ལ་འགལ་བ་མེད་མོད། འོན་ཀྱང་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་བླ་བྲང་བཞིའི་གདུང་རབས་རྣམས་ཀྱི་ནང་ནས་གཞི་ཐོག་པའི་གདུང་རབས་སྔ་མོ་ནས་རྫོགས་ཤིང་། དེའི་རྗེས་ནས་རིན་ཆེན་སྒང་པའི་གདུང་རབས་མི་བཞུགས་པ་སྔ་བས་གཞི་ཐོག་པའི་རྗེས་སུ་རིན་ཆེན་སྒང་པ་དང་། དེ་ནས་ལྷ་ཁང་པའི་གདུང་རབས་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱི་དུས་སུ་ཡང་བཞུགས་པས་ན་རིན་ཆེན་སྒང་པའི་རྗེས་སུ་ལྷ་ཁང་བླ་བྲང་པའི་གདུང་བརྒྱུད་བྱོན་ཚུལ་བཤད་པ་དང་། དེ་ནས་དུས་མཆོད་བླ་བྲང་པའི་གདུང་རབས་ནི་བསྟན་འགྲོའི་དོན་དུ་དེང་སང་ཡང་བཞུགས་ཤིང་། ད་དུང་ཡང་ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བར་དུ་འབྱོན་པའི་རྟེན་འབྲེལ་ལ་དགོངས་ནས། དུས་མཆོད་བླ་བྲང་པའི་གདུང་རབས་བྱོན་ཚུལ་བླ་བྲང་ཀུན་གྱི་ཕྱིས་ནས་འཆད་པ། གཞན་ལས་ངོ་མཚར་རྨད་དུ་བྱུང་བའི་ལེགས་བཤད་ཡིན་པས་གོ་རིམ་དེ་བཞིན་དུ་འདིར་ཡང་གཞི་ཐོག་པའི་རྗེས་སུ་རིན་ཆེན་སྒང་པ། དེ་ནས་ལྷ་ཁང་པ། དེ་རྗེས་སུ་དུས་མཆོད་བླ་བྲང་པ་འཆད་པ་ཉིད་ལེགས་པ་ཡིན་པས།
ཏ་དབེན་ཀུན་དགའ་ཉི་མ།
དེ་ཡང་བདག་ཉིད་ཆེན་པོའི་བཙུན་མོ་དྲུག་པ་ཡུལ་ཞ་ལུ་མ། སྐུ་ཞང་མགོན་པོ་དཔལ་གྱི་སྲས་མིང་མ་གཅིག་གཞོན་འབུམ་ཞེས་བྱ་བའམ་ཡང་མིང་གཞན་མ་གཅིག་ལུག་སྐྱེས་སུ་གྲགས་པ་ལ།
སྲས་སྐུ་མཆེད་གསུམ་འཁྲུངས་པའི་གཅེན་པོ་ཏ་དབེན་གུ་ཤྲཱི་ཀུན་དགའ་ཉི་མ་ཡབ་དགུང་ལོ་ཞེ་བརྒྱད་པའི་དུས་ལ་འཁྲུངས་ཤིང་། གཞོན་ནུ་ནས་ཡབ་ཆོས་མཐའ་དག་ཐུགས་སུ་ཆུད་པས་རིན་ཆེན་སྒང་གི་ཆོས་རྒྱལ་འཕགས་པའི་ཆོས་ཁྲིའི་སྟེང་