[A:༡༥༦ན]པས། སྐུ་བལྟམས་པའི་ཚེ་མཚན་ཉི་མ་བདེ་བའི་བློ་གྲོས་ཞེས་བཏགས་ཏེ། འཁྲུངས་མ་ཐག་ནས་འགྲོ་བ་ཀུན་གྱི་ཡིད་དུ་འོང་ཞིང་མཛེས་པ། སྐྱོན་གྱི་རྣམ་པ་གང་ཡང་མེད་པ། ཡོན་ཏན་དུ་མས་རྒྱུད་ཕྱུག་པ། དགེ་བའི་བཤེས་གཉེན་གྱི་རིགས་སུ་གྱུར་པ་དང་། སྨྲ་ཤེས་པ་ནས་དབེན་པ་ལ་དགའ་ཞིང་བརྐམ་ཆགས་མེད་པ་དང་། ཡོན་ཏན་དང་སྒྲུབ་པ་ལ་བརྩོན་པ། བྱིས་པའི་སྤྱོད་པ་ལས་འདས་པ། སྐུ་གསུང་ཐུགས་ཀྱི་རྩལ་སྟོབས་ཆེ་ཞིང་སྤོབས་པ་ཕུན་སུམ་ཚོགས་པ། བཀུར་འོས་ཀུན་ལ་གུས་པ་དང་ཞེ་སར་ལྡན་པ་ཞིག་བྱུང་ཞེས་གྲགས་ལ། གཞན་ཡང་སྐུ་གཞོན་ནུ་ཉིད་ནས་ཏིང་ངེ་འཛིན་ལ་མངའ་བརྙེས་མངོན་པར་ཤེས་པ་དང་ལྡན་ཞིང་། ཆོས་རྗེ་ཉན་པོ་བསོད་ནམས་བརྟན་པ་ལ་འཁྲུངས་ནས་ཟླ་བ་གསུམ་ཙམ་འདས་པ་ན་འཁོར་ལོ་བདེ་མཆོག་དྲིལ་བུ་པའི་དབང་དང་། དགུང་ལོ་གསུམ་བཞེས་པ་ན་མཁས་གྲུབ་ཆེན་པོ་རོང་པ་ཤེས་རབ་སེང་གེའི་སྐུ་རིམ་པ་མཛད་དེ། དེའི་དྲུང་དུ་གཤེད་དམར་ལྷ་ལྔའི་དབང་བསྐུར་བ་ཡང་གསན། གཞན་ཡང་བླ་མ་བསམ་སྡིངས་པ་ཞང་ལས་ཚེ་དཔག་མེད་ཀྱི་དབང་དང་། སྒྲོ་མོན་ཅན་གྱི་བླ་མ་བཟང་པོ་པ་ལས་ས་ལུགས་ཀྱི་འཇམ་དཔལ་ཨ་ར་པ་ཙ་ནའི་ལུང་དང་གདམས་པ་ནོས་ཏེ། བླ་མས་ཀྱང་སྒྲུབ་གྲོགས་མཛད་དེ། ཟླ་བ་གསུམ་ཙམ་མགོན་པོ་འཇམ་པའི་དབྱངས་ལ་སྒྲུབ་པ་མཛད་པས་ཐུགས་རབ་ཐོགས་པ་མེད་པ་བྱུང་སྟེ། རྩོམ་པ་ཐམས་ཅད་ཀྱི་མགོར་འཇམ་པའི་དབྱངས་ལ་མཆོད་བརྗོད་མཛད་ཅིང་། དེ་ནས་བླ་མ་རིན་ཆེན་དཔལ་བཟང་པོའི་དྲུང་དུ། རྩ་བའི་རྒྱུད་བརྟག་པ་གཉིས་པ་ལ་གསན་སྦྱོང་མཛད་པས་