[A:༡༥༨བ]ཚིག་དོན་ལ་བློ་ཁ་ཕྱོགས་ཙམ་བྱུང་བ་འདི་དེ་ཉིད་ཀྱི་བཀའ་དྲིན་ཡིན་ཞེས་ཀྱང་གསུངས་ཤིང་། སྤྱིར་ཡང་བླ་མ་རྣམས་ཀྱི་ནང་ནས་ལོ་ཙཱ་བ་འདི་ཉིད་ལ་མི་ཕྱེད་པའི་དད་པ་མངའ་སྟེ། འབེལ་གཏམ་མཛད་པའི་གནས་སྐབས་ཀུན་ཏུ་བླ་མ་འདི་ཉིད་ཀྱིས་དང་པོར་སློབ་གཉེར་ལ་དཀའ་སྤྱད་མཛད་ཚུལ། ལས་རྒྱུ་འབྲས་ལ་ཤིན་ཏུ་འཛེམ་པ་མཛད་པའི་རྒྱུ་མཚན་དང་། གསུང་བགྲོས་གནང་བ་ཀུན་ཀྱང་ཁྱད་པར་དུ་ཆེ་ཚུལ་སོགས་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་རྣམས་དགེས་ཚོར་དང་བཅས་ཀུན་ལ་གསུངས་པ་དང་། བདག་ཉིད་ཆེན་པོ་རང་ལ་བཀའ་དྲིན་ལྷག་པར་ཆེ་བའི་བླ་མ་ལྔ་ཡོད་པའི་གཅིག་ལོ་ཙཱ་བ་ཆེན་པོ་འདི་ཡིན་ཞེས་ཀྱང་གྲགས་ལ། གང་ལྟར་བདག་ཉིད་ཆེན་པོ་འདིས་ལོ་ཙཱ་བ་ཆེན་པོ་འདི་ཉིད་ཀྱི་དྲུང་དུ་མདོ་སྔགས་ཀྱི་ཆོས་ཚུལ་རྒྱ་མཚོ་ལྟ་བུ་ཞིག་གསན་ཅིང་ཐུགས་སུ་ཆུད་པར་མཛད་མོད་ཀྱང་། རྗེ་བཙུན་ས་སྐྱ་པ་ཆེན་པོ་ལ་དམ་ཆོས་སྒོ་སྐྱེལ་གྱི་ཚུལ་དུ་རྗེ་བཙུན་རྣལ་འབྱོར་གྱི་དབང་ཕྱུག་ཉིད་བྱོན་ནས་ལེགས་པར་སྩལ་བའི་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གདམས་ངག་ནི། དཔལ་ས་སྐྱ་པའི་ཆོས་ལུགས་སངས་རྒྱས་ནས་ད་ལྟའི་བར་དུ་སྙན་བརྒྱུད་བཞིའི་གདམས་པ་བར་མ་ཆད་པའི་བྱིན་རླབས་ཀྱི་བརྒྱུད་པ་དང་། གདམས་པ་དང་ལྡན་པས་བསྐྱེད་པའི་རིམ་པ་ལ་བརྟན་པ་ཐོབ་ཅིང་། རྫོགས་རིམ་གྱི་ཏིང་ངེ་འཛིན་མང་པོ་ཐུགས་རྒྱུད་ལ་འཁྲུངས་པས་ཚེ་འདི་ཉིད་ལ་གྲུབ་པ་བརྙེས་པའི་རྡོ་རྗེ་འཛིན་པ་ཆེན་པོ། མཁས་གྲུབ་ཀྱི་སྐྱེས་བུ་དམ་པ་རྣམས་ཀྱི་གཙུག་གི་རྒྱན་དུ་གྱུར་པ་རྒྱལ་བ་བྲག་ཕུག་པ་ཆེན་པོ་བསོད་ནམས་དཔལ་བའི་དྲུང་དུ་གསན་པ་ཡིན་ཏེ། འདིའི་དྲུང་དུ་ཐོག་