[A:༡༦༡བ]མའི་གསན་པ་ཕལ་ཆེ་བ་ཞིག་ད་ལྟ་ནུབ་ནས་ཁུང་གཏོར་འདུག་ནའང་། ད་ལྟ་ཡོད་ཚད་ཐམས་ཅད་ཐོབ་པ་ཅིག་བྱེད་བསམས་ཀྱང་ཧོར་གྱིས་གཙེར་ནས་ཐབས་མ་བྱུང་། སྔོན་རྗེ་བཙུན་བསོད་རྩེ་ཆུ་བོ་གངྒཱ་ཚུན་ཆད་ཀྱི་རྡོ་རྗེ་འཛིན་པ་རྣམས་ཀྱི་ནང་ན་གསན་རྒྱ་ཆེ་བར་གྲགས། ངས་ཀྱང་དེ་དང་ཆ་མཐུན་ཅིག་བྱ་བསམ་ཡང་ཧོར་གྱིས་མ་སྟེར། ད་ཁྱེད་རྣམས་ཀྱིས་འབུངས་ལ་དེ་བཞིན་གྱིས་ཤིག་ཅེས་གསུངས་པ་ལྟར་ཐུགས་ཀྱི་འདུན་པ་དེ་ལྟ་བུ་མཛད་ནས། བོད་ན་བཞུགས་པའི་ཆོས་ཇི་སྙེད་པ་ཕལ་མོ་ཆེ་ཞིག་གསན་ཅིང་། གསན་པ་དེ་ཐམས་ཅད་ལའང་སྦྱོར་བྱུང་གི་བརྩོན་འགྲུས་ཕུལ་དུ་ཕྱིན་པས་བླ་མ་སོ་སོའི་བཞེད་སྲོལ་ཕྱག་ལེན་ཕྲ་མོ་ཚུན་ཆད་ཀྱང་སོ་སོར་མ་འདྲེས་ལ་དག་གསལ་ཐོན་པར་མཛད་པ་སྟེ། བདག་ཉིད་ཆེན་པོ་རང་གི་གསུང་ལས། ད་ལྟ་བོད་ན་ཡོད་པ་གཅིག་ལ་མཁན་ཆེན་བུ་སྟོན་པའི་བརྩོན་འགྲུས་ལ་སུས་ཀྱང་མི་དོ། དེ་མིན་གཞན་ཞིག་ལ་ང་ཡང་བརྩོན་འགྲུས་ཆུང་རྒྱུ་མེད་པར་ཡོད་ཅེས་གསུངས་པ་ལྟར་ཡིན་ཞིང་། དེ་ལྟར་དགུང་ལོ་ཉི་ཤུ་རྩ་དྲུག་པ་ཡན་ཆད་དུ་གདན་ས་ཆེན་པོ་དང་། བོ་དོང་ཨེ་དང་། བྱང་ཆུབ་ལུང་དང་། སྒྲོ་མོན་ཅན་དང་། ཚ་མོ་རོང་གི་བྱང་ཆུབ་རྫོང་དང་། བྲག་ཁ་དང་། ན་བཟའ་བྲག་ཕུག་རྣམས་སུ་གཙོ་ཆེར་བཞུགས་ནས། སྔར་བརྗོད་པའི་བླ་མ་རྣམས་ལ་ཆོས་ཀྱི་རྣམ་གྲངས་མང་པོ་གསན་པ་དང་། བདག་ཉིད་ཀྱང་རིམ་གཉིས་ཟབ་མོའི་ཐུགས་དམ་ལ་མཉམ་པར་འཇོག་པ་དང་། མདོ་རྒྱུད་བསྟན་བཅོས་རྣམས་ཀྱི་གཟིགས་རྟོག དོན་དུ་གཉེར་བ་རྣམས་ལ་འཆད་པ་དང་། རྩོད་པ་དང་། རྩོམ་པ་ལ་སོགས་པ་བསྟན་པའི་བྱ་བ་ཁོ་ནས་ཉིན་མཚན་ཀུན་འདའ་