[A:༡༧༡ན]པས། ཆོས་རྗེའི་ཞལ་ནས་དེ་ལ་ཕྱིན་པ་དང་བསྡད་པ་ལ་ཁྱད་མེད་གསུངས། དེའི་ཚེ་སྔར་དུས་འཁོར་གྱི་དབང་གནང་བ་ནས་བཟུང་སྐུ་ཅུང་ཟད་སྙེལ་བ་ཞིག་ཡོད་པ་ན། སྙེ་ཐང་དུ་ཇོ་བོའི་སྐུ་འབུམ་ལ་ཕྱག་དང་མཆོད་པ་མང་པོ་མཛད། ལམ་དུ་འོ་ཤང་རྡོའི་གཙུག་ལག་ཁང་གཟིགས་པ་ལ་ཡང་ཕྱག་མཆོད་མང་པོ་མཛད་དེ་རིམ་གྱིས་བསམ་ཡས་སུ་བྱོན་ཏེ། དེའི་ལམ་བར་དུ་སྔར་ཕར་ཕྱིན་གྱི་ཊཱི་ཀ་ལུང་ཞུ་བའི་དགེ་བཤེས་འགའ་ཞིག་ལ་ཡང་སྐུ་ཁམས་ཀྱིས་མི་ལྕོགས་བཞིན་དུ་དེའི་ལུང་ཡང་གནང་ཞིང་། དེ་ནས་བསམ་ཡས་སུ་མཁན་པོ་བོ་དྷི་ས་ཏྭཱི་དབུ་ཐོད་ཀྱི་དྲུང་དུ་ཕྱག་མཆོད་དང་སྨོན་ལམ་འདེབས་པ་ལ་སོགས་པ་ཉིན་རེ་བཞིན་མཛད་པས། དྲུང་ན་གནས་པ་རྣམས་ཀྱིས་མ་བཟོད་པར་འདི་ཙམ་གྱིས་ཕྱག་མཆོད་སྐུས་མི་ལྕོགས་ཚུལ་ཞུས་པས། ད་ལྟ་ཕྱག་འཚལ་ནུས་རིང་ལ་མ་བྱས་ན། ད་རང་འཚལ་མི་ཐུབ་པ་མྱུར་དུ་ཡོང་བའི་ཉེན་ཡོད་གསུངས་ནས། གསན་དུ་མ་འདོད་པར་ཕྱིས་སྐུ་ཤེད་ཡེ་མེད་པར་ཕྱག་འཚལ་བའི་ནུས་པ་མེད་པའི་སྐབས་སུ་ཡང་དབུ་དུད་པ་རེ་མཛད་ནས་ཕྱག་གི་ཚུལ་དང་། སྨོན་ལམ་འདེབས་པ་སོགས་ཉིན་རེ་བཞིན་ཇི་སྲིད་མ་གཤེགས་ཀྱི་བར་དུ་མཛད། དེ་ནས་ཟླ་བ་བཞི་པའི་ཚེས་ཉི་ཤུ་སྐོར་ཅིག་ན། ཡང་ཆོས་རྗེའི་གསུང་གིས་དགེ་བཤེས་རྒྱལ་བཟང་ལ། མདང་ལྷའི་ཆ་བྱད་མང་པོ་གདུགས་དང་རྒྱལ་མཚན་ལ་སོགས་པ་མཆོད་པའི་བྱེ་བྲག་མང་པོ་དང་བཅས་ཏེ་རིན་པོ་ཆེའི་ཁྲི་ཅིག་ཁྱེར་བྱུང་ནས་དགའ་ལྡན་དུ་བླ་མ་གདན་འདྲེན་པ་ཡིན་ཟེར་ནས་ཡུས་ཆེ་བ་ལྟར་འདུག་པའི་སྣང་བ་ཅིག་བྱུང་། ཁ་སིང་ཡང་འདི་འདྲ་བ་བྱུང་། ཅུང་ཟད་