[A:༡༧༢ན]ཞེས་ཟེར་ཞིང་ཐེ་ཚོམ་དུ་གྱུར་པས་ཅུང་ཟད་ཡིད་མི་བདེ་ཞིང་། ལ་ལས་ཡིན་པར་ངེས་ཀྱང་གསལ་པོ་སྨྲ་མི་ནུས་པར་སེམས་མྱ་ངན་གྱིས་གཟིར་ལ། གཡས་རུ་བྱང་གི་སྤྱི་མཚོ་སྐྱ་མོའི་མཚོ་སྒོ་ཡང་སྐྱ་བོ་ཁ་གདངས་ལ་ཟུག་པ་དང་། མང་མཁར་གྱི་ལུང་པ་ན་ཡོད་པའི་སྐུ་འབུམ་ཅིག་གི་དྲུང་དུ་མ་ཎིའི་སྒྲུབ་པ་བྱས་པ་ན། མཆོད་རྟེན་གྱི་བ་ཐག་ལ་ཤ་ཆེན་བབས་ན་འཁོན་གྱི་གདུང་བརྒྱུད་རྩོད་མེད་རེ་འགྲོངས་པ་ཡིན་པ་ལ། མཚོ་སྒོ་ཡང་དེར་ཟུག་ཅིང་ཤ་ཆེན་ཡང་བབས་པས་གདུང་བརྒྱུད་ཅིག་ལ་ངན་ཞེས་ཀུན་གྱིས་གླེང་བ་ཅིག་བྱུང་ཞིང་། མ་ཎིའི་སྒྲུབ་པ་བྱས་པས་ལུང་བསྟན་འབྱུང་བའི་སྐུ་འབུམ་ནི་དིང་སང་བྲག་ཤོད་མ་ཎིར་གྲགས་པ་འདིའོ། །དེ་ནས་ཟླ་བ་ལྔ་པའི་ཉི་ཤུ་སྐོར་ན་ཆོས་རྗེའི་གསུང་ལས། ད་རང་ཐོ་རངས་མཁན་ཆེན་བུ་སྟོན་པ་དང་རྡོ་རྗེ་རྣལ་འབྱོར་མ་བྱོན་ནས་མཁན་ཆེན་པའི་ཞལ་ནས། འདི་རང་མཁའ་སྤྱོད་ཡིན་ནོ་གསུངས་པའི་སྣང་བ་ཅིག་བྱུང་གསུངས། ཡང་ཆེན་པོ་དགེ་སློང་པས་གཟིགས་སྣང་ཅིག་རྒྱུན་དུ་ཡོད་པའི་རྣམ་པ་ཅིག་གདའ་བ་ཅི་འདྲ་ཞིག་གདའ་ཞུས་པས། ཆོས་རྗེ་པས་ཕྱག་གི་སོར་ཚིགས་ལ་ཚོད་མཛད་ནས་འདི་ཙམ་པའི་ཚོད་ཀྱི་དེ་བཞིན་གཤེགས་པའི་སྐུ་གཟུགས་ཀྱིས་ནམ་མཁའ་ཁེངས་འདུག་གསུངས་པ་ལ། ཁོང་གིས་དེ་རྣམས་ཐུགས་དམ་གྱི་ལྷ་ཚོགས་ལགས་སམ་ཞུས་པས། ཆོས་རྗེའི་ཞལ་ནས་དེ་མིན་ཁོང་ཚོ་ཁ་སིང་ནས་བྱོན་ཚར། རང་རེས་བློ་ཁེལ་ན་དཀོན་མཆོག་གིས་མི་བསླུ་བ་ངེས་པར་འདུག་གསུངས། དེ་ནས་ལོ་ཙཱ་བ་ནམ་མཁའ་བཟང་པོས་གསོལ་སྨན་འདྲ་ཕུལ་ཏེ། ཆོས་རྗེའི་དྲུང་ན་ཡོད་པའི་དུས་