[A:༡༨༢ན]མཛད། ཁྱད་པར་ཁ་སྐོང་གི་སྦྱིན་སྲེག་གི་ཚེ་ལྷ་སྔགས་ཀྱི་གྲངས་གཙོ་ཆེ་བས་དེ་ཅིས་ཀྱང་མ་ཆད་པ་ཅིག་མཛོད་ཅེས་གསུང་བ་ཕེབས། དེ་ནས་སློབ་དཔོན་ཆེན་པོ་སངས་རྒྱས་དཔལ་གྲུབ་པས་ཐུབ་པ་དགོངས་གསལ། རིགས་གཏེར་རང་འགྲེལ། དག་ལྗོན་སྐོར་གསུམ། ཀྱེ་རྡོར། གསང་འདུས་ལ་སོགས་པའི་ཕྱག་ཁྲིད་སོགས་ཕུལ་ཞེས་གྲགས་ལ། ཉི་ལྡེར་ཆོས་རྗེ་ངག་དབང་གྲགས་པའི་དྲུང་དུ་ཡང་བདེ་མཆོག་གི་དབང་། བསམ་མི་ཁྱབ་ཀྱི་བྱིན་རླབས་ལ་སོགས་པ་དབང་ལུང་མན་ངག་བྱིན་རླབས་ལ་སོགས་པ་དུ་མ་གསན་ཅིང་། དེ་ནས་དགུང་ལོ་བཅུ་དགུ་བཞེས་པ་ཆུ་ཕོ་རྟའི་ལོ་བདག་ཆེན་ཀུན་དགའ་དབང་ཕྱུག་པ་ཞིང་གཞན་དུ་གཤེགས་པ་དང་། དེ་མ་ཐག་རྗེ་ཉིད་ཀྱིས་དགེ་སྡིངས་ནས་ཕེབས་ཏེ་རྗེ་བཙུན་པའི་ཐུགས་དགོངས་རྫོགས་ཐབས་ཀྱང་བསམ་གྱིས་མི་ཁྱབ་པ་སྒྲུབ་པར་མཛད་ཅིང་། གདན་ས་ཆེན་པོའི་རྩིས་བཞེས་ཀྱང་གནང་སྟེ། དེ་ལྟར་དགུང་ལོ་ཉི་ཤུའི་བར་དུ་གདན་ས་ཆེན་པོ་དགེ་སྡིངས། བར་སྡིངས་སོགས་གང་དགེས་སུ་གསན་སྦྱོང་ཐུགས་དམ་སོགས་མདོར་ན་ཐོས་བསམ་སྒོམ་གསུམ་དུས་གཅིག་ཏུ་ཉམས་སུ་བཞེས་པར་མཛད་པ་ཡིན་ནོ། །དེ་ནས་རྗེ་བཙུན་ཀུན་དགའ་དབང་ཕྱུག་པའི་ཞལ་ཆེམ་ལས་ཇི་ལྟར་བྱུང་བ་བཞིན། དགུང་ལོ་ཉེར་གཅིག་བཞེས་པ་ཤིང་ཕོ་སྤྲེའུའི་ལོ་མུས་ལ་ཕེབས་པར་བཞེད་པ་ན། མ་རུངས་པ་འགའ་ཞིག་གིས་ཕྱོགས་ལྷུང་གི་དབང་གིས་བཞེད་དོན་ལ་བར་ཆད་བྱ་དོགས་པས། ཐོག་མར་སྐྱེད་ལྷས་སུ་སྐུ་མཚམས་ལ་ཕེབས་པའི་ཚུལ་མཛད། དེ་ཁོག་ནས་དཔོན་སློབ་ཉུང་ཤས་གདོང་དགའ་བར་དུ་ཞབས་