[A:༡༨༧ན]ཤིང་། ཡང་སྐབས་ཤིག་ཏུ་གཞི་ཐོག་གི་མཁས་བཙུན་ཆེན་པོས་ཐུགས་དམ་འཆམས་མགོན་གྱི་དྲུང་དུ་གསུང་བསྙེན་ཞིག་མཛད་པའི་ཚེ། མགོན་པོ་ཞལ་མངོན་སུམ་དུ་གཟིགས་པའི་ཕྱག་དཔུང་གཡོན་གྱི་སྟེང་དུ་མེ་འབར་བ་དང་། གྲི་གུག་གི་རྡོ་རྗེའི་ཕྱོགས་བཞིའི་ར་མེད་པ་དབུས་མ་ལ་མེ་འབར་བ་གཟིགས་སྣང་ལ་བྱུང་བ་དང་། གཞན་ཡང་དཔལ་ལྡན་ལྷ་མོས་ཨ་གྲོའི་དགོན་པ་དོན་གྲུབ་གླིང་དུ་ཞལ་གཟིགས་ནས། འཁོར་གྱི་ཚུལ་བཟུང་བའི་དམ་ཉམས་གཅིག་འདུག་པ་ངས་སྒྲོལ། ང་ལ་ཡང་བསྐང་གསོ་ཅིག་རྩོམས་གསུངས་པ་ལ་བརྟེན་ནས་ལྷ་མོའི་བསྐང་གསོ་ཁྱད་པར་ཅན་ཞིག་ཀྱང་མཛད། དཔལ་མགོན་ཞལ་བཞི་པ་ནི་ཕོད་ཁ་སྔོན་པོ་བཞེས་པ་ཅན་གཅིག་ཏུ་ཡང་ཡང་གཟིགས་པ་དང་། ཡང་ལན་ཅིག་སྐྱེད་ལྷས་སུ་མགོན་པོ་འདི་བྲམ་ཟེ་དཀར་པོའི་རྣམ་པ། དར་དཀར་པོའི་ན་བཟའ་ཅན་ཕྱག་གཡས་ན་རྩེ་གསུམ་དང་སྙིང་འཛིན་པ། གཡོན་ན་ཐོད་ཁྲག་འཛིན་པ། ཡུམ་བཞི་དང་བཅས་པ་མངོན་སུམ་དུ་གཟིགས་ཏེ། དེ་ཕྱིན་ཆད་མགོན་ཁང་དེར་ཕེབས་རེས་ཀྱི་དེ་འདྲའི་ཚུལ་གྱིས་བསུ་བ་ལ་ཡང་མགོན་པོ་འདི་ཉིད་འབྱོན་ཞེས་གྲགས་ལ། ཡང་དམ་ཅན་པུ་ཏྲ་མིང་སྲིང་རྣམས་ནི་རྒྱུན་དུ་བྲན་ལྟར་འཁོལ་བ་སྟེ། ས་སྐྱར་བཞུགས་པའི་སྐབས་ཤིག རྗེ་རང་གི་གསུང་གིས། མདང་པུ་ཏྲ་འདིས་མི་མགོ་དར་གྱིས་དྲིལ་བ་ཅིག་ཁྱེར་ནས་འུར་སྒྲ་དང་བཅས་སྒོ་རུམ་ལ་སོང་ཞེས་གསུངས་པ་དང་། ཡང་ལན་ཅིག་སྐྱེད་ལྷས་སུ་སྡེ་དཔོན་ཞིག་གི་གཏོར་གསོས་ཞིག་བྱུང་དུས། སུམ་ཅུ་རྩ་གསུམ་བྱ་བའི་སྒྲུབ་ཁང་གི་སྟེང་དུ་སྔགས་པ་ནག་པོ་ཐོད་ཕྲེང་ཅན་ཞིག་གིས་མ་ཎི་བསྐུལ་