[A:༡༨༧ན]སོགས་བརྩེགས་མ་མང་རབ་གྱོན། ལག་ཏུ་གཏོར་མ་ཁྱེར་འཁོར་སྟོབས་ཆེ་བ་དང་བཅས་ཁའུའི་གཞུང་ལམ་ལ་ཞུགས། ཕྱག་འཚལ་སྒང་དུ་སླེབས་པ་ན་འཕགས་པ་བྲག་ཁུང་གི་འདེབས་ལ་དཔལ་མགོན་ཆེན་པོའི་སྐུ་བྲམ་གཟུགས་རྗེ་རང་གི་ཕྱག་བྲིས་མ་ཅིག་བཀྲམ་ཡོད་པ་ལས། འོད་ཟེར་སྔོ་ནག་ཕྱོགས་མཚམས་ཀུན་ཏུ་འཕྲོ་བ་དང་དུས་མཉམ་དུ་མི་རྐང་གི་གླིང་བུའི་སྒྲ་སྐད་ཤིན་ཏུ་ཆེ་བ་གྲག་པ་ཅིག་བུས་བྱུང་བས། སྐད་ཅིག་དེ་ཉིད་ལ་བར་སྣང་ལ་སྤྲིན་ནག་པོ་འཁྲིགས་འབྱུང་པོ་ཡོད་པའི་ས་དེར་ཐོག་སེར་ཤིན་ཏུ་དྲག་པ་ཅིག་བབས་སོང་བས། འབྱུང་པོ་འཁོར་བཅས་གར་སོང་ཆ་མེད་དུ་སོང་བ་བྱུང་བ་དང་། ཡང་ལན་ཅིག་ནོར་བུ་ཁྱུང་རྩེར་ཕེབས་པའི་ཚེ། ཆོས་རྗེ་རྐྱང་འདུར་བ་དཔོན་སློབ་དང་གཟིམས་ཁང་སྟེང་འོག་མཛད་ནས་བཞུགས། རྗེ་དཔོན་སློབ་རྣམས་ཀྱིས་ཚོམས་འོག་ཏུ་ཆོས་སྐྱོང་རྣམས་ལས་ལ་བསྐུལ་བའི་རོལ་མོ་དྲག་བརྡུངས་མཛད་པ་ན། སྟེང་དུ་ཆོས་རྗེ་རྐྱང་འདུར་བའི་དགོངས་པ་ལ། མཚན་ཉིད་རྒན་པོའི་སྐྱོན་གྱིས་བསླད་པས། རྔ་བརྡུངས་འདི་རང་ལ་འབྱུང་ཆེན་པོ་མེད་དམ་སྙམ་པ་བྱུང་། དེ་ནས་ཅུང་ཟད་སོང་བའི་དུས་ཆོས་རྗེ་རྐྱང་འདུར་བའི་གཟིགས་སྣང་ལ། སྤྲུལ་པའི་མི་ནག ཁྱི་ནག བྱ་ནག་སོགས་ཕོ་ཉ་མང་པོས་འབྱུང་པོ་ཆེན་པོ་སྣམ་སྦྱར་ཏ་ཧུན་གསེར་མ་ཐང་ཐེབ་གྱོན་པ་དང་བཅས་པའི་སྐེ་ནས་ཞགས་པས་བཟུང་ལག་པ་བསྡམས་པ་ཅིག་དཀར་ཁུང་གི་མཐོངས་ཀ་ནས་ཚོམས་ཆེན་འོག་མའི་འབྲུབ་ཁུང་ནང་དུ་ཐོགས་མེད་དུ་ཁྲིད་སོང་བ་གཟིགས། ཞག་གཅིག་སོང་རྗེས་ཕྱིར་ཤོར་སོང་བ་དང་། དགོངས་ཐུན་གྱི་ཐུགས་དམ་གྱི་ཚེ་སླར་ཡང་