R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༩༤བ
[A:༡༩༤བ]རྒྱལ་མཚན་དང་། །ཤཱཀྱ་སེང་གེ་དོན་གྲུབ་རྒྱལ་མཚན་དང་། །བསམ་གྲུབ་རྒྱལ་མཚན་ཞེས་བྱ་རྣམ་བཞི་འོ། །ཤཱཀ་སེང་བཙུན་མོ་གཅུང་པ་དཔོན་མོའི་སྲས། །ཀུན་དགའ་བཀྲ་ཤིས་ཀུན་དགའ་རྒྱལ་མཚན་དང་། ཀུན་དགའ་སྙིང་པོ་ཞེས་བྱ་རྣམ་པ་གསུམ། །བཙུན་མོ་གཉིས་པ་མ་གཅིག་ཡུམ་པའི་སྲས། །རིན་ཆེན་རྒྱལ་མཚན་ལྷ་ཁང་གདུང་རབས་ཡིན། །ཞེས་སོ། །གཉིས་པ་དེའི་དོན་རྒྱས་པར་བཤད་པ་ནི། བླ་མ་བདག་ཉིད་ཆེན་པོ་བཟང་པོ་དཔལ་ཞེས་ཡོངས་སུ་གྲགས་པ་དེའི་བཙུན་མོ་སྤྱི་གྲངས་ཀྱི་ལྔ་པ། ལུང་ཕེབས་ནས་ཁབ་ཏུ་བཞེས་པའི་བཙུན་མོ་བཞི་པ་ཡུལ་ཤ་ལ་ཟུག་པ་སྟག་སྡེ་ར་ལུང་པ། མིང་ཀུན་དགའ་ནམ་མཁའི་རྒྱལ་མཚན་ཞེས་པ་ལ་སྲས་གཉིས་འཁྲུངས་པའི་གཅེན་ནི་ ལྷ་ཁང་བླ་བྲང་། ཏི་ཤྲཱི་ཀུན་དགའ་ལེགས་པའི་འབྱུང་གནས་ ཏི་ཤྲཱི་ཀུན་དགའ་ལེགས་པའི་འབྱུང་གནས་རྒྱལ་མཚན་དཔལ་བཟང་པོ་ཞེས་བྱ་བ་ཡབ་བདག་ཉིད་ཆེན་པོ་དགུང་ལོ་ཞེ་བདུན་པ་ས་ཕོ་སྤྲེའུའི་ལོ་ལ་དུས་མཆོད་པའི་གདུང་བརྒྱུད་དབང་ཀུན་དགའ་ལེགས་པ་དང་དགུང་མཉམ་དུ་འཁྲུངས་ཏེ། བླ་མ་འདི་ནི་གཞོན་ནུ་ཉིད་ནས་རབ་ཏུ་བྱུང་ཞིང་ཡབ་ཆོས་རྣམས་ལ་གསན་སྦྱོང་མཛད་པས་ལེགས་པར་ཐུགས་སུ་ཆུད་དེ། དགུང་ལོ་ཉེར་གཅིག་པའི་དུས་གོང་ནས་སྤྱན་འདྲེན་པའི་ཕོ་ཉ་མངགས་པ་ལ་བརྟེན་ནས་མདོ་ཁམས་སུ་ཕེབས། རྒྱལ་པོ་ཆེན་པོའི་ཏི་ཤྲཱི་དང་གཞན་ཡང་བསྟན་པའི་བྱ་བ་རྒྱ་ཆེན་པོ་ཞིག་བསྒྲུབས་ནས། དགུང་ལོ་སུམ་ཅུ་སོ་བཞི་པ་ཡོས་ཀྱི་ལོ་ལ་མེ་ཏོག་ར་བར་སྐུ་གཤེགས་པའི་ཚུལ་བསྟན་ཞེས་མུས་སྲད་པའི་གདུང་རབས་ལས་བཤད་ལ། ཡང་ཉི་ལྡེ་པའི་གདུང་རབས་ལས། རྒྱལ་པོའི་ཏི་ཤྲཱི་ལོ་གསུམ་མཛད་ནས་ཉེར་གསུམ་པ་རྟའི་ལོ་ལ་