[A:༡༩༤ན]བསྟན་ལ་ཐུབ་དབང་ལྟར། །རབ་གྲགས་ཀུན་གྱི་འགྲན་བྲལ་དེ་ལ་འདུད། །གཞན་ཡང་མཐུ་སྟོབས་རྫུ་འཕྲུལ་ནུས་པའི་གཏེར། །ངོ་མཚར་རྣམ་ཐར་གང་ལ་བསམས་གྱུར་ཀྱང་། །ཕན་ཚུན་འགྲན་པ་བཞིན་དུ་རིམ་བྱོན་པ། །ཀུན་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །།སྤྱི་དོན་གསུམ་པ་ལྷ་ཁང་བླ་བྲང་པའི་གདུང་རབས་བཤད་པ་ལ་ཡང་། ཚིགས་བཅད་ཀྱི་སྒོ་ནས་མདོར་བསྟན་པ་དང་། དེའི་དོན་རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། རྗེ་བཙུན་ས་སྐྱ་པའི་གདུང་རབས་ཡ་རབས་ཁ་རྒྱན་ལས། རིན་ཆེན་སྒང་པའི་གདུང་རབས་བྱོན་ཚུལ་བཤད་ཟིན་མ་ཐག་པའི་མཇུག་ཏུ། བདག་ཉིད་ཆེན་པོའི་བཙུན་མོ་ར་ལུང་མ། །ཀུན་དགའ་ནམ་མཁའི་རྒྱལ་མཚན་ཞེས་བྱའི་སྲས། །ཏི་ཤྲཱི་ཀུན་དགའ་ལེགས་འབྱུང་ཞེས་བྱ་དང་། །གཅུང་པོ་ཏི་ཤྲཱི་ཀུན་དགའ་རྒྱལ་མཚན་གཉིས། །ཀུན་རྒྱལ་བཙུན་མོ་སྟག་སྡེ་ཁ་ཕྱར་མ། །དཔལ་ལྡན་བཟང་མོའི་སྲས་ནི་ཆོས་རྒྱལ་མཚན། །བཙུན་མོ་གཉིས་པ་སྟག་སྡེ་ར་ལུང་མ། །བསོད་ནམས་དཔལ་ལ་ཏ་དབེན་བློ་རྒྱལ་འཁྲུངས། །ཏ་དབེན་ཆོས་རྒྱལ་བཙུན་མོ་ཆུ་མདོ་མ། །རྒྱལ་མོ་མཚོ་སྲས་ཐེག་ཆེན་ཆོས་རྗེ་ཡིན། །བཙུན་མོ་གཉིས་པ་ཉང་སྟོད་སྲས་སྐྱབས་ལ། །དྷརྨཱ་དྷྭ་ཛ་རྡོ་རྗེ་རིན་ཆེན་གཉིས། །བཙུན་མོ་གསུམ་པ་དཔོན་མོ་སྲས་པ་ལ། །སློབ་དཔོན་ཆེན་པོ་བསོད་ནམས་བཀྲ་ཤིས་འཁྲུངས། །བསོད་བཀྲའི་བཙུན་མོ་སྟག་སྡེ་ར་ལུང་མ། །ནམ་པའི་སྲས་པོ་བདེ་ལེགས་བཀྲ་ཤིས་ཡིན། །བདེ་ལེགས་བཀྲ་ཤིས་བཙུན་མོ་གཅིག་བཞེས་པ། །གང་དེའི་སྲས་པོ་བསོད་ནམས་