[A:༢༠༠ན]རིགས་འཁོར་ལོངས་སྤྱོད་ལ་སོགས་པ་འཇིག་རྟེན་གྱི་ཕུན་སུམ་ཚོགས་པ་ཐམས་ཅད་རྒྱང་རིང་དུ་བོར་ནས་ཀུན་སྤངས་ཀྱི་སྤྱོད་པས་ས་ཕྱོགས་དབེན་པ་ཁོ་ན་ལ་ཐུགས་གཞོལ་བར་གྱུར་ཏེ། སྐུ་ཚེ་དང་སྒྲུབ་པ་མཉམ་པ་ལྟ་བུའི་དམ་བཅའ་བརྟན་པར་མཛད་ནས་ཐུགས་དམ་འབའ་ཞིག་ལ་རྩེ་གཅིག་ཏུ་གནས་པར་མཛད་ཅེས་བཤད་དེ། དེ་ཡང་རྣལ་འབྱོར་དབང་ཕྱུག་གིས་བྱིན་གྱིས་བརླབས་པའི་གནས་མཆོག་དཔལ་ལྡན་ས་སྐྱའི་དབུ་རྩེ་རྙིང་མར་ལོ་གསུམ་ཕྱོགས་གསུམ་གྱི་སྐུ་མཚམས་དང་། གཞན་ཡང་ཇོ་མོ་ནང་ལ་སོགས་པའི་བསྒྲུབ་གནས་ཁྱད་པར་ཅན་རྣམས་སུ་ཉིན་མཚན་ཐམས་ཅད་དུ་བསྐྱེད་རྫོགས་ཟུང་དུ་འབྲེལ་བའི་མཉམ་གཞག་གིས་དུས་འདའ་བས་ཏིང་ངེ་འཛིན་གོང་འཕེལ་དུ་མཛད་ནས། ཉམས་དང་རྟོགས་པའི་ཡོན་ཏན་རྣམས་ཀྱང་དབྱར་གྱི་ཆུ་མཚོ་ལྟར་འཕེལ་ཞིང་རྒྱས་པར་གྱུར་ཏོ། །དེ་དུས་སྒྲུབ་པ་ཚུགས་ཉམས་ལེན་བཟང་བས་སུ་དང་ཡང་ཀུན་སྤྱོད་མི་མཐུན་པས་ཀུན་གྱིས་ཐུགས་གཤིས་གྱོད་པར་བྱེད་ཅེས་གྲག་ཅིང་། རྗེ་ཉིད་ཀྱི་གསུང་ལས་ཀྱང་། སྒོ་གསུམ་གནད་ལ་བོར། རིག་པ་ཇུར་མིག་ནས་བཏོན། ཚེ་འདིའི་རེ་ལྟོས་ཐག་རྦད་ཀྱིས་བཅད་ལ་བསྒོམ་འཚལ་ལོ། མ་བསྒོམས་པའི་ཆོས་དེ་གོ་ཡུལ་ལམ། ཡིད་སྨོན་ལ་ལས་པ་ལགས་སོ་ཞེས་གསུངས་པ་ལྟར་མཛད་ཅིང་། དེ་ཡང་ཇོ་ནང་དུ་ཟླ་བ་དྲུག་ཙམ་སྐུ་མཚམས་དམ་པོ་ལ་བཞུགས་པའི་ཚེ། ལན་ཅིག་ལམ་འབྲས་ཀྱི་དབང་གསུམ་པ་དང་བཞི་པའི་འཁྲུལ་འཁོར་ལ་གནད་དུ་བསྣུན་པས་རླུང་སྟོད་འཚངས་ཀྱི་སྙུང་བ་ཐུ་མོ་རང་ཅིག་བྱུང་བ་ལ། སླར་ཡང་དམིགས་པ་དང་འཁྲུལ་འཁོར་སོགས་