[A:༢༠༨ན]དབྱངས་བསམ་གྱིས་མི་ཁྱབ་པ་དང་བཅས་གླུ་ལེན་པ་དང་། ཁ་ཅིག་གིས་པི་ཝཾ་ལ་སོགས་པ་རོལ་མོའི་སྒྲ་སྙན་སྣ་ཚོགས་པས་ཡིད་འཕྲོག་པར་བྱེད་པ་དང་། བུ་མོ་ཅིག་གིས་མེ་འབུད་ཅིང་འདུག་པ་སོགས་ཡུན་རིང་པོའི་བར་དུ་གཟིགས་ཏེ། དེ་ནི་འཁོར་ལོ་བདེ་མཆོག་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བ་མངོན་སུམ་དུ་གྱུར་པ་ཡིན་ཞེས་བཤད་ཅིང་། ཡང་ལན་ཅིག་ཁ་རག་ཐོད་དུ་བཞུགས་སྐབས། གནས་དེའི་བྲག་རི་ཆེན་པོ་ཅིག་གི་དཀྱིལ་ན་བྲག་དཀར་པོ་ཚེས་བཅོ་ལྔའི་ཟླ་བ་འདྲ་བ། དེའི་མདུན་ན་གདེངས་ཀ་ལེགས་པོ་བྱས་པ་ཅིག་འདུག་པ་དེར་སྔ་དྲོ་ཚོགས་མཆོད་ཀྱི་གནས་མཛད་པས་ལན་ཅིག་མདུན་བསྐྱེད་སྒྲུབ་པའི་སྐབས་སུ་ཐུགས་ཉམས་འུར་ནས་ཐོག་མར་ཐུགས་དྲན་གྱི་འཛིན་དགོས་པ་བྱུང་ཞིང་། དེ་ནས་གསལ་སྟོང་གི་ཏིང་ངེ་འཛིན་ཤུགས་ཆེན་པོ་ཚད་ལས་འདས་པ་འཁྲུངས་ཏེ། དེའི་མདོ་ལ་མདུན་གྱི་ནམ་མཁའ་ཐམས་ཅད་ཁེངས་པའི་ཀྱེ་རྡོ་རྗེ་ལྷ་དགུའི་དཀྱིལ་འཁོར་ཤིན་ཏུ་གསལ་བ་ཞིག་མངོན་སུམ་དུ་ཡུན་རིང་པོའི་བར་དུ་གཟིགས་པ་དང་། གཞན་ཡང་དབུ་རྩེ་རྙིང་མར་སྐུ་མཚམས་ལ་བཞུགས་ནས། ཨ་ར་པ་ཙ་ནའི་བྱེ་བསྙེན་ཞིག་མཛད་པ་ན། དེའི་དུས་སུ་ནམ་མཁའ་ལ་དཀྱིལ་འཁོར་རིགས་མི་གཅིག་པ་མང་པོ་ཡང་ནས་ཡང་དུ་གཟིགས་པ་དང་། ངམ་རིང་དུ་མགོན་པོ་འཇམ་དབྱངས་ལ་གསུང་བསྙེན་འགྱུར་པོ་ཞིག་མཛད་པས། རྗེ་བཙུན་འཇམ་དབྱངས་མངོན་སུམ་དུ་གཟིགས་ཏེ་ཐུགས་རབ་ཀྱི་རྩལ་ཐོགས་པ་མེད་པ་ནང་ནས་འཁྲུངས་ཤིང་། དེའི་དུས་སུ་མགོན་པོ་འཇམ་པའི་དབྱངས་ལ་བསྟོད་པ་ཡང་མཛད་ཅེས་གྲགས་ལ། ཡང་ལན་ཅིག་ཇོ་ནང་དུ་