R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༢༡བ
[A:༢༢༡བ]ཐུགས་དམ་ལ་རྩེ་གཅིག་པའི་སེམས་དཔའ་ཆེན་པོར་བཞུགས་པའི་ངང་ནས་དགུང་ལོ་བདུན་ཅུ་པ་ས་ཕོ་སྤྲེའུའི་ལོ་ཧོར་ཟླ་གསུམ་པའི་ཚེས་བརྒྱད་ལ་མེ་ཏོག་གི་ཆར་ལ་སོགས་པ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་གཡས་རུ་སྲིན་པོ་རིའི་རྣམ་རྒྱལ་སྒང་གི་གཟིམས་ཁང་དམར་མོར་སྐུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་ཏོ། །དེ་ལྟར་དབང་གྲགས་པ་རྒྱལ་མཚན་གྱིས་བཙུན་མོ་གཉིས་ཁབ་ཏུ་བཞེས་པ་ལ་སྲས་སྐུ་མཆེད་གསུམ་འཁྲུངས་ཤིང་། ཡང་སྟག་ཚང་གདུང་རབས་ལས་བཙུན་མོ་གཉིས་པ་མ་གཅིག་སྲས་འདྲེན་ལ་ལྕམ་སྲིང་གཉིས་དང་། ཐོ་ཇི་དཔོན་མོ་བྱ་བའི་བཙུན་མོ་གཅིག་བཞེས་པ་ལ་བྱང་སེམས་བསོད་ནམས་རྒྱལ་མོ་བྱ་བ་འཁྲུངས་པས། དབང་གྲགས་པ་རྒྱལ་མཚན་ལ་བཙུན་མོ་གསུམ་བྱུང་བ་དང་སྲས་ལྕམ་སྲིང་འཁྲུངས་པར་ཡང་བཤད་དོ། །གང་ལྟར་ཡང་དབང་གྲགས་པ་རྒྱལ་མཚན་གྱི་སྲས་དབང་རྣམ་སྲས་རྒྱལ་མཚན་དུ་གྲགས་པ་དེས་བཙུན་མོ་གཉིས་ཁབ་ཏུ་བཞེས་པ་ལ་སྲས་ལྕམ་སྲིང་བདུན་འཁྲུངས་ཏེ། བཙུན་མོ་དང་པོ་རྟ་ནག་བ་གྲུ་གུ་མ་བྱ་བ་ལ་སློབ་དཔོན་ཆེན་པོ་ཀུན་དགའ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་ཞེས་བྱ་བ་འཁྲུངས་ཤིང་། བླ་མ་ཆེན་པོ་འདི་ནི་ཐུགས་རབ་ཤིན་ཏུ་ཆེ་བ་དང་། གཞོན་ནུ་ཉིད་ནས་དམ་ཆོས་ལ་མཁས་པར་སྦྱངས། ཁྱད་པར་རིག་གནས་ལྔའི་ནང་ནས་ཚད་མ་རིག་པའི་གཞུང་ལུགས་ལ་གསན་སྦྱོང་རྒྱ་ཆེན་པོ་མཛད་པས་མཁས་པར་མཁྱེན་ནས། བོ་དོང་ཨེར་ཆོས་རྗེ་བླ་མ་དམ་པའི་གདན་ས་ལ་ཕེབས་ཏེ། ཚོགས་ཆོས་སུ་རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གསུངས་ཤིང་། གཞན་ཡང་རྟ་ནག་ཕྱོགས་སུ་ཡང་འགྲོ་དོན་དཔག་མེད་མཛད། བྱིན་