[A:༢༢༢ན]རླབས་ཀྱི་ནུས་པ་ཤིན་ཏུ་ཆེ་བ་ཐུགས་དམ་ལ་བརྩོན་པའི་རིང་ནས་གདན་ས་ཆེན་པོའི་བླ་བྲང་རིན་ཆེན་སྒང་དུ་ཞི་བར་གཤེགས།
ནམ་མཁའ་ལེགས་པའི་རྒྱལ་མཚན།
བདག་ཉིད་ཆེན་པོ་འདིའི་གཅུང་ནི་དབང་ནམ་མཁའ་ལེགས་པའི་རྒྱལ་མཚན་ཞེས་བྱ་བ་གཞོན་ནུའི་དུས་སུ་ར་ཁྱི་ཕག་ཏུ་གྲགས་པ་དེ་ཉིད་དེ། འདི་ནི་དབང་རྣམ་སྲས་རྒྱལ་མཚན་གྱི་བཙུན་མོ་གཉིས་པ་མ་གཅིག་ཡ་འབྲོག་མ་བསོད་ནམས་འབུམ་བྱ་བ་ལ། ཡབ་དགུང་ལོ་བཞི་བཅུ་པ་ས་མོ་ཡོས་ཀྱི་ལོར་འཁྲུངས་ཏེ། བདག་ཉིད་ཆེན་པོ་འདི་ནི་སྐྱེས་སྟོབས་ཀྱི་ཐུགས་རབ་ཕུན་སུམ་ཚོགས་པ་དང་ལྡན་ཞིང་། གཞོན་ནུ་ནས་བརྟག་པ་གཉིས་པ་སོགས་ལ་གསན་སྦྱོང་མཐར་ཕྱིན་མཛད་དེ་མཁས་གྲུབ་ཀྱི་བླ་མ་མང་དུ་བསྟེན། ཁྱད་པར་སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱི་བསྙེན་རྫོགས་ཀྱི་མཁན་པོར་གྱུར་པ་འབྲོམ་སྟོན་སེང་གེའི་མཚན་ཅན་ལ་མོས་གུས་རྩེ་གཅིག་པ་མཛད། དགུང་ལོ་བཅུ་དྲུག་པའི་དུས་འབད་རྩོལ་གང་ཡང་མ་དགོས་པར་ཐེག་ཆེན་ཆོས་རྗེའི་སྐུ་རིང་ལ་གོང་མ་ཏ་མིང་རྒྱལ་པོས་ཏུ་ཀྱ་ཧོ་ཝང་གི་མཚན་དང་། གསེར་དམ་འཇའ་ས་བོད་ལ་ཤེས་སུ་བཅུག་པའི་ལུང་བཟང་པོ་གནང་སྦྱིན་རྒྱ་ཆེན་པོ་དང་བཅས་པ་དང་། གཞན་ཡང་བརྒྱ་འབུལ་ཡོད་རེས་ཀྱི་འཇའ་ས་གནང་སྦྱིན་དང་བཅས་པ་བྱུང་བར་གྲགས། རྫོང་ལྷ་རྩེ་མངའ་ཞབས་དང་བཅས་པ་སོགས་མཆོད་གཞིས་ཀྱང་ཤིན་ཏུ་སྟོབས་ཆེ་ཞིང་། ཡ་འབྲོག་ཧིམ་ཏུ་ཆེན་པོ། རིན་སྤུངས་ནས་ནང་སོ་ནོར་བུ་བཟང་པོ་སོགས་སྟོབས་ལྡན་མང་པོས་བདག་ཉིད་ཆེན་པོ་འདིའི་ཞབས་པད་སྤྱི་བོའི་གཙུག་ཏུ་བླང་སྟེ། བསྙེན་བཀུར་ཞབས་ཏོག་ཕུན་སུམ་ཚོགས་པ་བསྒྲུབ་པ་ན། དེ་རྣམས་སྨིན་ཅིང་