[A:༢༣༤བ]སྲུང་མ་དྲུག་ཅུ། ཐུགས་རྗེ་ཆེན་པོའི་བྲུལ་གཏོར་ཆ་གསུམ་གཏོར་མ་རྣམས་མཛད་ནས། མཐར་ཤེས་རབ་སྙིང་པོ་སཾ་སྐྲྀ་ཏའི་སྐད་དུ་ཚར་གསུམ་བདུད་བཟློག་བསྔོ་བ་སྨོན་ལམ་དང་བཅས་པ་མཛད། བར་སྐབས་སུ་སྐུ་འཆག་པའི་ཞབས་བསྐོར་དང་བཅས་ཏེ། རྩ་བའི་བླ་མ་རྣམ་བཞི་དང་། བླ་མ་གོང་མ་རྣམས་ཀྱི་བསྟོད་པ་དུ་མ་དང་། བརྒྱུད་པའི་གསོལ་འདེབས་ཁ་ཡར། དཔའ་བོས་མཛད་པའི་སངས་རྒྱས་ཀྱི་བསྟོད་ཚོགས་འགའ་ཡར། དཔལ་ལྡན་ཆོས་གྲགས་ཀྱིས་མཛད་པའི་བདེ་མཆོག་གི་བསྟོད་པ་རྒྱུན་ཆགས། ཙནྡྲ་གོ་མས་མཛད་པའི་འཇམ་དབྱངས་ཕྱོགས་བཅུ་མ། ཐམས་ཅད་མཁྱེན་པའི་བཤེས་གཉེན་གྱིས་མཛད་པའི་སྒྲོལ་མའི་བསྟོད་པ་མེ་ཏོག་ཕྲེང་འཛིན་སོགས་ཆོས་སྤྱོད་ཀྱི་རིམ་པ་མང་དུ་མཛད། དགོངས་མོའི་ཆ་ལ་དབང་དང་བྱིན་རླབས་དང་རྗེས་གནང་ཟབ་མོ་རྣམས་སོ་སོའི་བློ་དང་འཚམས་པར་མཛད། དེ་ནས་ཡང་སྲོད་ཐུན་ཕལ་ཆེར་རྫོགས་པའི་མཇུག་ཏུ། བདེ་དགེས་ཕུར་གསུམ། མགོན་པོ་ལྷ་བརྒྱད་སོགས་ཡི་དམ་ཆོས་སྐྱོང་གི་གཏོར་བསྔོ་རྣམས་རྒྱས་པར་མཛད། དེ་ནས་སྲོད་ཐུན་གྱི་འཕྲོ་རྣམས་རྫོགས་པར་མཛད་པ་ལ་སོགས་པ་མདོར་ན་བདག་ཉིད་ཆེན་པོ་འདིས་ཉིན་ཞག་ཕྲུགས་གཅིག་གི་མཉམ་གཞག་གི་ཐུགས་དམ་རྣམས་ལྟ་ཞོག ཆོས་སྤྱོད་དང་གཏོར་མའི་སྒྲིག་ཆགས་ཙམ་ཡང་དེང་སང་གི་དགེ་བ་ལ་རྩེ་གཅིག་ཏུ་བཞུགས་པར་རློམ་པ་རྣམས་ཀྱིས་ཉིན་ཞག་དུ་མར་འབད་ཀྱང་གྲུབ་པར་དཀའ་བར་མཐོང་ཞིང་། དེ་ལྟར་རིམ་གཉིས་ཀྱི་ཏིང་ངེ་འཛིན་ཟབ་མོ་ལ་གཡེལ་བ་མེད་པར་བཞུགས་པའི་འབྲས་བུ་གནས་སྐབས་སུ་བླ་མ་ཡི་དམ་སོགས་ཀྱི་ཞལ་བསྟན་ཅིང་རྗེས་སུ་