[A:༢༣༦བ]འགྱུར་ཅི་ཡང་མཛད་ཅེས་གྲགས་ཤིང་། ཡང་ལན་ཅིག་གི་ཚེ་ལ་སྟོད་ལྷོའི་ས་སྐྱོང་ཆེན་པོས་སྤྱན་འདྲེན་གྱི་གསོལ་བ་བཏབ་སྟེ་ཞལ་གྱིས་བཞེས་ནས། དེར་ཕེབས་པའི་གོང་རོལ་ཞིག་ཏུ་མཁའ་སྤྱོད་གཟིམ་ཆུང་སྦུག་ཏུ་བཞུགས་པའི་སྐབས་ཤིག་མཚན་ལམ་དུ་རྗེ་ས་སྐྱ་པ་ཆེན་པོ་དང་། འཇམ་པའི་དབྱངས་ཡིན་ནམ་སྙམ་པའི་པཎྜི་ཏའི་ཆ་ལུགས་བྱས་པ་གཅིག ཆོས་རྗེ་ས་པཎ། རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པ། སློབ་དཔོན་ནག་པོ་སྤྱོད་པ་བ་རྣམས་ཆོས་ཀྱི་གསུང་གླེང་མཛད་པའི་དྲུང་ན་བདག་ཉིད་ཆེན་པོ་འདི་ཕེབས་ཏེ་ཐེ་ཚོམ་མང་དུ་བཅད། ཁྱད་པར་ནག་པོ་སྤྱོད་པ་བ་ལ་འཁོར་ལོ་བདེ་མཆོག་གི་ཆོས་སྐོར་མ་ལུས་པ་གསན་ཅིང་། ནག་པོ་གཞུང་དྲུག་རྫོགས་མཚམས་མནལ་སད་ཅེས་གྲགས་ཤིང་། དེ་ནས་ལ་སྟོད་ལྷོར་ཕེབས་ཏེ། དེར་སྔ་དྲོ་ཐུགས་དམ་གྲོལ་མཚམས་ཤིག་རྗེའི་གསུང་གིས། ད་ནང་ཐོ་རངས་བྲམ་ཟེའི་གཟུགས་རལ་པའི་ཁྲོད་ན་སེང་ལྡེང་གི་རྡོ་རྗེ་རྩེ་ལྔ་པ་ཡོད་པ་ཞིག་བྱུང་སྟེ། ཁྱོད་རང་གི་མི་འཕྲོད་ཡོད་དོ་ཟེར་ནས། བནྡེ་ཆར་ཞགས་གྱོན་པ་གཉིས་གཏད་པའི་སྣང་བ་བྱུང་། ཕྱི་ན་མར་ལྟོས་ཤོག་དང་གསུངས། སྡེ་པའི་སྒོ་ཕྱེ་འཕྲལ་བལྟར་བཏང་བས་འབུལ་སྡུད་པས་བཏང་བ་ཡིན་ཟེར་བའི་སླེའུ་གྱོན་པ་གཉིས་སྒོ་དྲུང་ན་སླེབས་འདུག་ཅེས་གླེང་བ་བྱུང་། །དེ་ནས་ཡང་གདན་ས་ཆེན་པོར་ཆིབས་ཀྱི་ཁ་ལོ་བསྒྱུར་ཏེ་ཕེབས་ལམ་ཤྲཱི་རྒོད་ཚང་དུ་བཞུགས་ནས་རྒོད་ཚང་ཕུག་པར་ཚེས་བཅུའི་མཆོད་པ་མཛད་པས། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་འཇའ་འོད་ཀྱི་དཀྱིལ་ན་བཞུགས་པ་མངོན་སུམ་དུ་གཟིགས། དེ་ནས་གདན་སར་ཕེབས་ཏེ་ཆོས་འཆད་ཉན་རྒྱ་ཆེན་པོ་མཛད་པའི་