[A:༢༤༠བ]དང་བཅས་གཤེགས་པར་གྱུར་ཏོ་ཞེས་བཤད་པ་ཡིན་ནོ། །དེ་ལྟ་བུའི་བདག་ཉིད་ཆེན་པོ་དེའི་གཅུང་ཆེ་བ། བདག་ཆེན་ངག་གི་དབང་ཕྱུག་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་ནི་གཞོན་ནུ་ཉིད་ནས་རབ་ཏུ་བྱུང་སྟེ། སླར་ཡང་མཁན་ཆེན་བསོད་ནམས་ལྷུན་གྲུབ་ཀྱི་དྲུང་དུ་བསྙེན་རྫོགས་མཛད་ཅིང་། མཁས་པའི་བྱ་བ་འཆད་ཉན་གྱི་སྒོ་ནས་ཐུབ་བསྟན་རྣམ་རྒྱལ་དང་། དཔལ་རྣམ་དགའ་བ་གདོང་རྣམས་ཀྱི་གདན་ས་མཛད་ནས་བསྟན་པ་རིན་པོ་ཆེ་དར་བར་མཛད་པའི་རིང་ནས་ཐུགས་དམ་ཟབ་མོ་ལ་ཡང་ཤིན་ཏུ་བརྩོན། དེ་དག་གི་སྐབས་ནས་གཅེན་ས་ལོ་ཙཱ་བ་འཇམ་པའི་དབྱངས་ཀུན་དགའ་བསོད་ནམས་དང་། ཡོངས་འཛིན་དཀོན་མཆོག་འཕེལ་བ་རྗེ་བཙུན་སངས་རྒྱས་རིན་ཆེན་སོགས་མཁས་གྲུབ་མང་དུ་བསྟེན་ནས་གསན་པ་རྒྱ་མཚོའི་ཕ་རོལ་དུ་སོན་པ་མཛད་ཅིང་། བླ་མ་ལ་བརྟན་བཞུགས་འབུལ་ཚུལ་སོགས་སྔོན་མེད་པའི་གསུང་རབ་ཀྱང་འགའ་ཞིག་མཛད།
མདོར་ན་སྐུ་ཚེ་རིལ་པོར་བསྟན་པ་དང་སེམས་ཅན་གྱི་དོན་འབའ་ཞིག་གིས་དུས་འདའ་བར་མཛད་ནས་མཐར་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་གཟུགས་ཀྱི་སྐུ་ཆོས་དབྱིངས་སུ་བསྡུ་བའི་ཚུལ་བསྟན་ཅིང་། དེའི་གཅུང་འཇམ་དཔལ་གྲགས་པ་བྱ་བ་ཡང་། ཐུགས་དམ་ལ་ཤིན་ཏུ་བརྩོན་ཞིང་ཁམས་ཕྱོགས་ལ་འགྲོ་བའི་དོན་ལ་ཕེབས་ནས་འཕྲིན་ལས་ཤིན་ཏུ་ཆེ་བའི་ངང་ནས་མདོ་ཁམས་སུ་ངོ་མཚར་པའི་རྟགས་དུ་མ་དང་བཅས་ཏེ་ཞི་བར་གཤེགས། དེའི་གཅུང་འཇམ་དབྱངས་ཚེ་བརྟན་བཀྲ་ཤིས་ཞེས་བྱ་བ་ནི། སྤྱིར་ཐུགས་དམ་ཟབ་མོའི་རིམ་པ་ལ་ཤིན་ཏུ་བརྩོན་ཞིང་། ཁྱད་པར་ཆོས་སྐྱོང་ལ་མངའ་བརྙེས། དེའི་ནང་ནས་ཞིང་སྐྱོང་དུར་ཁྲོད་