[A:༢༤༢ན]བྱ་བར་གྲགས་པས་རྒྱ་བོད་ཧོར་གསུམ་གྱི་གདུལ་བྱ་སྐལ་ལྡན་རྣམས་དམ་པའི་ཆོས་ལ་འགོད་པར་མཛད་ནས་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་དུ་དེ་བཞིན་གཤེགས་པ་དྲི་མ་མེད་པའི་དཔལ་ཞེས་བྱ་བའི་མཆོག་གི་སྤྲུལ་སྐུར་གྱུར་ཏེ། དེས་གདུལ་བྱ་རྣམས་ཕན་བདེ་ལ་འགོད་པར་མཛད་པ་ཡིན་ལ། དེ་ལྟར་བཤད་མ་ཐག་པའི་སྤྲུལ་པའི་སྐུའི་སྣང་བ་ཇི་སྙེད་པ་གཅིག་བསྟན་པ་དེ་དག་གིས་ངོ་མཚར་བའི་མཛད་པ་བཟང་པོ་ཕྱོགས་གཅིག་ཏུ་བསྡུས་ནས། གོས་དཀར་ལྕང་ལོས་མཛེས་པའི་སྐུར་སྤྲུལ་ཏེ། སྙིགས་དུས་ཀྱི་སྐྱེ་བོ་གདུག་པ་ཅན་རྣམས་ཞི་རྒྱས་དབང་དྲག་གི་འཕྲིན་ལས་རྣམ་པ་བཞིའི་སྒོ་ནས་རྗེས་སུ་འཛིན་པར་མཛད་པ་ནི། དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་གི་དབང་པོ་ཀུན་དགའ་རིན་ཆེན་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་ཞེས་མཚན་ཡོངས་སུ་གྲགས་པ་འདི་ཉིད་ཡིན་ལ། དེ་ལྟ་བུའི་སྤྲུལ་པའི་སྐུའི་སྣང་བ་དེ་དག་སངས་རྒྱས་ཀྱི་ཡེ་ཤེས་གཅིག་གི་ངོ་བོར་གྲུབ་པའི་ཚུལ་སོགས་རྒྱལ་བའི་ལུང་ཚད་མ་དང་སྦྱར་ན། ཕྱག་ན་རྡོ་རྗེ། རྒྱལ་བའི་སྲས་པོ་ཀུན་ཏུ་བཟང་པོ། ཉན་ཐོས་ཆེན་པོ་ཀུན་དགའ་བོ་སྟེ་མདོ་སྔགས་ཀྱི་བསྟན་པའི་སྡུད་པ་པོ་རྣམས་སྟོན་པ་རྫོགས་པའི་སངས་རྒྱས་དང་ངོ་བོ་དབྱེར་མེད་ཡིན་པའི་ཚུལ་ནི། གསང་བ་གྲུབ་པའི་རྒྱུད་ལས། འདི་ཡི་སྡུད་པར་བྱེད་པ་པོ། །གཞན་དག་ཡོད་པ་མ་ཡིན་ཞེས། །བདག་ཉིད་འབའ་ཞིག་སྨྲ་བར་བྱེད། །སྡུད་མཛད་པ་ནི་ཐུགས་རྡོ་རྗེ། །ཞེས་དང་། རྩ་རྒྱུད་བརྟག་གཉིས་ལས་ཀྱང་། འཆད་པ་པོ་ང་ཆོས་ཀྱང་ང་། །རང་གི་ཚོགས་ལྡན་ཉན་པ་ང་། །ཞེས་གསུངས་པ་འདིས་གྲུབ། ཁྱད་