[A:༢༥༣ན]དེ། སྡེ་པ་ལྷ་ཁང་པ་ཕྱོགས་གཞན་དུ་བརྫངས་ཏེ། ལྷ་ཁང་ཆེན་མོ་ཕྱག་ཏུ་ཕུལ་ཞིང་། དེ་ནས་བདག་ཉིད་ཆེན་པོ་འདི་བྱས་འགྱུར་རྡོ་རྗེའི་བྲག་རྫོང་དུ་ཐུགས་དམ་ལ་རྩེ་གཅིག་ཏུ་བཞུགས་ཡོད་པའི་སྐབས་དེར། དབུས་ཕྱོགས་ཀྱི་ས་སྐྱོང་ཆེན་པོ་རྣམས་ཀྱི་དད་པས་སྤྱན་འདྲེན་གྱི་ཕོ་ཉ་མངགས་པ་ལ་བརྟེན། དབུས་ཕྱོགས་སུ་ཕེབས་ནས་འགྲོ་བ་མང་པོ་སྨིན་གྲོལ་ལ་བཀོད་ཅིང་། ལྷག་པར་བསམ་ཡས་ལྷུན་གྱིས་གྲུབ་པའི་གནས་མཆོག་ཏུ་ཕེབས་ཏེ། དེར་བསམ་ཡས་ཆོས་སྐྱོང་ཆེན་པོས་དཔེ་ཧར་ལྷའི་ཕོ་བྲང་ཆེན་པོའི་ལྕོག་ཏུ་སྔགས་འཆང་ཉིད་གདན་དྲངས་ཏེ། ལྕོག་གི་སྒོ་དམར་གྱི་མདུན་དུ་བདག་ཉིད་ཆེན་པོ་ལ་བཞུགས་གདན་སྟག་ལྤགས་གྲྭ་སྡེར་མ་ཉམས་པ་ཞིག་དང་། ཆོས་སྐྱོང་རང་ལ་ཁྲིའུ་ཤིང་རྣམས་བཤམས་ནས་འདུག་པ་ལ། བདག་ཉིད་ཆེན་པོས་ཆོས་སྐྱོང་གི་ཁྲིའུ་ཤིང་དེ་ལ་རྗེ་རང་གི་བཞུགས་ཁྲི་ཡིན་སྙམ་སྐུ་ཁྱེལ་མཛད་བཞུགས་པ་ན། བདག་ཉིད་ཆེན་པོའི་སྐུ་ཟིལ་གྱིས་ལྷ་མི་ཐམས་ཅད་ཀྱིས་གང་ཡང་ཞུ་མ་ནུས་པའི་ཚེ། ཆོས་སྐྱོང་གིས་རལ་གྲི་ས་ལ་བཙུགས་ནས་ཁྱེལ་བྱས་པས་རལ་གྲི་ཞལ་བ་ལ་འདྲེད་ནས་ཆོས་སྐྱོང་གན་རྒྱལ་དུ་འགྱེལ་བ་ན། བསམ་ཡས་པ་རྣམས་ཀྱིས་ས་སྐྱ་བདག་ཆེན་གྱིས་ཆོས་སྐྱོང་གི་བཞུགས་ཁྲི་འཕྲོགས། སྡིགས་མཛུབ་མཛད་ནས་ཆོས་སྐྱོང་གན་རྒྱལ་དུ་སྒྱེལ་ཟེར་བའི་གཏམ་འབྲུག་ལྟར་སྒྲོགས་པ་བྱུང་བར་གྲགས་ཤིང་། ཕྱིས་སུ་སྔགས་འཆང་ཉིད་ཀྱི་གསུང་ལས་ཀྱང་། དུས་དེར་དེ་བཞིན་གྱི་གནས་ཚུལ་བྱུང་བ་ཅིས་ཀྱང་བདེན། ཁྲིའུ་ཤིང་ང་ལ་བཤམས་པ་ཡིན་སྙམ་པ་མ་གཏོགས་རྟོག་པ་གང་ཡང་མ་ཤར་བ་ཡིན་