[A:༢༥༤ན]འགྱུར་སྣ་ཚོགས་བྱུང་བར་གྲགས་ཤིང་། དུས་དེ་ཉིད་ཀྱི་ཚེ་སྔགས་འཆང་བླ་མ་འདིའི་ཐུགས་དགོངས་ལ། བོད་ཀྱི་སེམས་ཅན་གྱི་བདེ་སྐྱིད་ཀྱི་རྩ་བ་དཔལ་ས་སྐྱའི་སྡེ་བསྟན་པ་འདི་དར་རྒྱས་ཤིག་བྱུང་ན་སྙམ་པ་ཡིན་ཡང་། ད་དུས་སྙིགས་པས་ངན་རྒྱབ་བྱེད་པའི་བདུད་སྤྲུལ་སྟོབས་ཆེས་པ་ནས། བསྟན་པ་དར་རྒྱས་སུ་ཡོང་བ་དཀའ་བ་འདུག་པས། རང་ཉིད་ཀུན་སྤངས་ཀྱི་སྤྱོད་པས་ཚེ་གཅིག་ལུས་གཅིག་ལ་འཚང་རྒྱ་བའི་སྒྲུབ་པ་ཞིག་བྱས་ན་དགའ་བ་འདུག་སྙམ་དུ་དགོངས་ནས་བྱང་སེ་མོ་དོར་ཕེབས་པར་བརྩམས་པ་ན། ས་སྐྱ་པ་ལ་དད་གུས་ཆེ་བའི་དགོན་སོ་སོའི་བླ་མ་སློབ་དཔོན་རྣམས་ཀྱིས་ཀྱང་བཤོལ་འདེབས་ཞུས། ཁྱད་པར་བྱང་ནས་ཆོས་རྒྱལ་ནམ་མཁའ་ཚེ་དབང་རྡོ་རྗེ་དང་། ཤར་ཁ་སྡེ་སྲིད་ནམ་མཁའ་ལྷུན་གྲུབ་པ་གཉིས་ཀྱིས་བདུད་སྤྲུལ་ལྷ་ས་རྫོང་པ་སེལ་འདོན་བྱས། གདན་ས་ཆེན་པོ་ཆོས་གཞིས་དང་བཅས་པ་ཐམས་ཅད་ཕྱག་ཏུ་འབུལ་ཐུབ་པའི་ཕྱག་རྟགས་ཕུལ་ནས། ཆོས་རྒྱལ་གཉིས་ཀྱིས་སྔགས་འཆང་ཉིད་ཀྱི་ན་བཟའ་ལ་འཇུས་ཏེ་སྤྱན་ཆབ་མང་དུ་བསིལ་ཞིང་བཤོལ་འདེབས་དྲག་ཏུ་ཞུས་པས། བདག་ཉིད་ཆེན་པོས་སྔར་བཞིན་བསྟན་པའི་འཛིན་སྐྱོང་མཛད་པར་ཞལ་གྱིས་བཞེས་མོད་ཀྱང་། རེ་ཞིག་དབུས་ཕྱོགས་ལ་བརྫུས་སྟབས་ཀྱིས་ཕེབས་ནས་ནཱ་ལེནྡྲ་དང་། བྱང་རྭ་སྒྲེང་སོགས་སུ་འགྲོ་བ་མང་པོ་སྨིན་གྲོལ་ལ་འགོད་བཞིན་པའི་སྐབས་དེར། ཆོས་ཀྱི་རྒྱལ་པོ་བྱང་པ་དང་། རྒྱལ་རྩེ་བ་གཉིས་ཀྱི་སྤྱན་འདྲེན་གྱི་མི་སྣ་སླེབས་པ་ན། བདག་ཉིད་ཆེན་པོ་འདིའི་ཐུགས་དགོངས་ལ། ས་སྐྱ་པའི་གོང་མ་ལྔ་དང་། ས་ལོ་ཆེན་པོ་རྣམས་ཀྱི་ཐུགས་རྗེ་