[A:༢༥༦ན]བ་དང་བཅས་པ་འདི་ཡང་ལེགས་པར་བཞེངས་ཏེ། འདི་དུས་བདག་ཉིད་ཆེན་པོ་དམ་ཚིག་ཅན་གྱི་འཁོར་ཉུང་ཤས་ཤིག་དང་བཅས་བཞུགས་པའི་ཚེ། རྗེའི་གསུང་ལས། སྔོན་གྱི་དུས་སུ་བཞུགས་ཁྲི་འདིའི་སྟེང་ནས་བརྩེ་བ་ཆེན་པོ་ཀུན་དགའ་སྙིང་པོས་ཟབ་ཆོས་མང་དུ་གསུངས་ཤིང་། སློབ་དཔོན་བསོད་ནམས་རྩེ་མོ་བཞུགས་ཁྲིའི་གཡས་ཕྱོགས་ཕ་གི་དེར་བཞུགས། ཞུ་ཡས་སྡོད་ས་སྒོ་འགྲམ་འདི་ཁ་ཡིན། དེ་དུས་ངེད་རང་རྒྱ་བོ་ཉིས་ཕྲག་ཅན་ཞིག་ཡིན་ཀྱང་། ད་ལྟ་ནི་སྔགས་པ་རྒན་པོ་ཞིག་ཏུ་འདུག་ཅེས་རྗེ་ཉིད་རྗེ་བཙུན་ཆེན་པོ་ཡིན་པ་ཞལ་གྱིས་བཞེས་པ་སོགས་ངོ་མཚར་གྱི་བཀའ་མང་དུ་སྩལ་ཞིང་། གཞན་ཡང་སྔོན་རྡོ་རྗེ་ཕུག་པའི་ཉེ་ལོགས་འདི་ན་ས་ཆེན་དགུང་ལོ་བཅུ་གཉིས་པའི་ཞབས་རྗེས་ཤིག་ཡོད་ངེས་ཡིན་ཀྱང་། བར་སྐབས་སུས་ཀྱང་རྩད་མ་ཆོད་པ་ཞིག་བྱུང་འདུག་པས། རང་རེ་རྣམས་འཚོལ་བ་ཡིན་ནོ་ཞེས་གསུངས་པའི་ཚེ། གཞན་རྣམས་ཀྱིས་ཡུན་རིང་པོ་བཙལ་ཀྱང་མ་རྙེད་པ་ལ། སྔགས་འཆང་ཉིད་ཀྱིས་གཏེར་སྟོན་པ་ལྟ་བུའི་ཞབས་རྗེས་ཡོད་པའི་རྡོ་དེ་ཕྱག་ཏུ་བྱུང་བ་ན། རྟེན་འབྲེལ་བཟང་གསུངས་ནས་དབུ་ཐོག་ཏུ་འཇོག་པ་མཛད་ཅིང་། སྐུ་ཁྲུས་གསོལ་ནས་ད་ལྟ་སྒོ་འགྲམ་ན་བཞུགས་པ་འདི་ཉིད་ཡིན་ལ། དེ་ལྟར་བདག་ཉིད་ཆེན་པོ་འདིས་ངོ་མཚར་བའི་ལྟས་དུ་མ་དང་བཅས་བྲིས་འབུར་གྱི་སྐུ་གཞན་ཡང་གསར་བཞེངས་མཛད་པ་ནི། དབུ་རྩེ་རྙིང་མར་ས་སྐྱ་པ་ཆེན་པོའི་སྐུ་ཐོག་ཚད་མ། ལྷ་ཁང་བླ་བྲང་དུ་གོང་མ་ལྔ། བླ་མ་དམ་པ། ས་ལོ་ཐམས་ཅད་མཁྱེན་པ་རྣམས་ཀྱི་སྐུ་བརྙན་རེ་རེ་དང་། ཁའུ་བྲང་རྫོང་གི་འདུ་ཁང་ན་ལམ་ཟབ་བརྒྱུད་