[A:༢༦༤ན]ལྟའི་འདི་མ་ཡིན། བྱང་ཤར་མཚམས་ན་ཕོ་བྲང་ཀ་གཅིག་སྒོ་གཅིག་བྱ་བ་ཅིག་ཡོད་ཅེས་ཡང་ཡང་ཟེར་བ་ཞིག་བྱུང་བས། དེ་ཡང་ད་ལམ་རྩད་བཅད་ནས་ལྕོག་གསར་བཞེངས་ཤིག་བྱས། སྐུ་འབྲས་ཡང་དེར་བཞུགས་སུ་གསོལ། ལྕོག་རྙིང་པ་འདི་ལ་ཡང་ཞིག་གསོས་ཤིག་བྱས་ན་ལེགས་པ་འདུག་སྙམ་དུ་དགོངས་ནས། ཕོ་བྲང་ཀ་གཅིག་སྒོ་གཅིག་རྩད་གཅོད་པར་ཕེབས་པའི་ཚེ། །ཕོ་བྲང་དེ་ཉིད་ནི་ཁང་བརྩེགས་དུ་མའི་འོག་ན་ར་བ་ལྟ་བུའི་མུན་ནག་ཅན་ཞིག་འདུག་པས། ཆོས་སྐྱོང་ཆེན་པོ་ལ་ཕོ་བྲང་ཀ་གཅིག་སྒོ་གཅིག་འདི་ཡིན་ནམ་གསུངས་པ་ལ། ཆོས་སྐྱོང་ཆེན་པོས་དེ་བཞིན་ཡིན་ཚུལ་ཞུས་པ་ན། བདག་ཉིད་ཆེན་པོས་འོ་ན་འདིར་ཁྱེད་རང་གནས་སའི་ལྕོག་ཅིག་གསར་ཏུ་བཏབ། དེ་མཐུན་ལྕོག་རྙིང་པ་ལ་ཡང་ཞིག་གསོས་ཤིག་བྱེད་དགོས་འདུག་པས། སང་ཉིན་ང་ཡང་སླེབས་ཡོང་ཆོས་སྐྱོང་རང་ཡང་ཤོག་ཅིག་གསུངས་པས། ཆོས་སྐྱོང་གིས་ས་སྐྱ་པ་ཆེན་པོ་གདུག་འདྲེའི་གནས་ཁང་རྙིང་པ་ལ་ཞིག་གསོས་དགོས་པ་མེད་ཞུས་པ་ན། བདག་ཉིད་ཆེན་པོས་འོ་ན་ཁྱོད་ཀྱིས་ཁག་ཐེག་གམ་གསུངས་པ་དང་། ཆོས་སྐྱོང་གིས་ལོ་གསུམ་ཁག་ཐེག་པ་བྱེད་ཞུ་བ་ལ། སྔགས་འཆང་ཉིད་ཐུགས་འུར་བའི་ཚུལ་གྱིས་གདུག་འདྲེ་ཚོད་མེད་པ་ལོ་གསུམ་ནས་སུས་འཚོ་རྒྱུ་ཡིན། ང་སང་ཉིན་ནས་ཞིག་གསོས་ཀྱི་མགོ་འཛུགས་ཐག་ཆོད་ཡིན་པས། ཁྱེད་རང་དེ་བར་ལ་གནས་ཁང་གཞན་ཞིག་ཏུ་སོང་ཞིག་ཅེས་གསུངས་པ་དང་། དེ་ནས་ཆོས་སྐྱོང་ཆེན་པོ་འཁོར་བཅས་ཧས་པོ་རིའི་རྒྱབ་ཀྱི་ཐང་ཆེན་པོ་དེ་ལ་བསྐྱས་བྱས་ནས་བཞུགས་པ་མིག་མཐོང་མཁན་རྣམས་ཀྱིས་