[A:༢༧ན]བའི་མདུད་པ་བཀྲོལ་ཏེ་སྤྱོད་ལམ་དུ་འདོར་བ་སོགས་མི་མཚུངས་པ་སྣ་ཚོགས་བྱས་ཤིང་། དེ་བཞིན་དུ་བོན་ནག་ལ་ཡང་བྱས་པས། ཁོང་གཉིས་ཀྱི་ངན་སྔགས་ཀྱི་ཚོགས་རྣམས་ཤིན་ཏུ་འཁྲུགས་པར་གྱུར་ཏོ། །དེ་ནས་དེའི་སྐབས་དེར་ནུས་མཐུའི་མངའ་བདག་བླ་ཆེན་ཀུན་དགའ་སྙིང་པོ་དེ་ཉིད་ཀྱིས་ཆོས་སྐྱོང་མཐུ་རྩལ་ཅན་རྣམས་བྲན་དུ་བཀོལ་ཏེ། དྲག་པོ་མངོན་སྤྱོད་ཀྱི་ལས་ལ་བསྐུལ་བའི་ཚེ། སྔགས་བོན་གཉིས་འདུག་པའི་གནས་དེར་སྔར་ནས་མེད་པའི་གཡག་རྒོད་རོག་པོ་གཉིས་རྭ་བརྡར་ལ་སོགས་པ་དྲག་པོའི་སྤྱོད་པ་ཟིལ་དང་ལྡན་པ་དུ་མ་བྱེད་པ་ཞིག་བྱུང་ཞིང་། གཞན་ཡང་བྱ་ནག ཁྱི་ནག་ཅེ་སྤྱང་སོགས་ཆོས་སྐྱོང་གི་སྤྲུལ་པ་བསམ་གྱིས་མི་ཁྱབ་པའང་དེའི་དུས་བྱུང་ཞེས་གྲགས་ལ། དེ་དང་དུས་མཚུངས་པར་དམ་ཚིག་ལྡན་པའི་ཁམས་པ་རྡོར་རྒྱལ་དེས། སྔགས་ནག་དང་བོན་ནག་གཉིས་ཀྱི་སློབ་འཁོར་རྣམས་ཕྱོགས་གཞན་དུ་བྱེར་བའི་ཐབས་བྱས་ནས། དེ་ནས་ཁོང་རང་གཅིག་པུས་ཞག་བཅུ་ཕྲག་གསུམ་གྱི་བར་དུ་སྔགས་བོན་གཉིས་ཀྱི་ཞབས་ཏོག་ལ་ཆེས་ཆེར་བརྩོན་པར་ལྟར་བྱས་ནས། ཞག་སུམ་ཅུ་ལོན་པ་ཉེར་དགུའི་ནུབ། བླ་མ་དང་བསྟན་པའི་ཆེད་དུ་སྔགས་ནག་དང་བོན་ནག་གཉིས་སྲོག་བྲལ་གྱི་ཆོ་ག་ཡང་དག་པ་ལ་སྦྱར་ནས། ཁོང་གཉིས་ཀྱི་ཕུང་པོ་གཉིས་ཆོས་སྐྱོང་གི་སྤྲུལ་པའི་གཡག་རྒོད་ལ་བཀལ་ཏེ་གདན་སར་འོང་བས། མཚན་ལམ་གཅིག་ལ་ཉིན་ལམ་དྲུག་ཆོད་ཅེས་གྲགས་ཤིང་། དེ་ནས་ཁམས་པས་བླ་ཆེན་གྱི་དྲུང་དུ་ཕུང་པོ་གཉིས་ཕུལ་བས་ཤིན་ཏུ་དགེས་ཤིང་བྱ་དགའ་ཆེན་པོ་གནང་ཞིང་། ཁྱད་པར་ཚེ་གཅིག་ལུས་གཅིག་ལ་སངས་རྒྱ་ངེས་པའི་