[A:༢༧༤ན]གསུང་ལས། ཅི་ཟེར་ལོ་དྲུག་ཅུ་རེ་བརྒྱད་ཚེ་རིང་པོ་མིན་པ་ཨེ་ཡིན། བསྟན་པ་དང་སེམས་ཅན་གྱི་དོན་ཡང་རྒྱ་ཆེན་པོ་གྲུབ། ད་ནི་དག་པའི་ཞིང་ཁམས་བདེ་བ་ཅན་ཞེས་བྱ་བའི་ངོ་མཚར་རྨད་དུ་བྱུང་བའི་ཞིང་ཁམས་ཀྱི་བཀོད་པ་ཕུན་སུམ་ཚོགས་པ་དེ་ཉིད་ཀྱི་དབུས་ན། སངས་རྒྱས་འོད་དཔག་མེད་ལ་སངས་རྒྱས་བྱང་སེམས་མང་པོས་བསྐོར་བ་དང་། སློབ་དཔོན་པདྨ། ས་སྐྱའི་རྗེ་བཙུན་གོང་མ་ལྔ། ས་ལོ་ཐམས་ཅད་མཁྱེན་པ་རྣམས་ཀྱང་བཞུགས། རྒྱུན་རིང་པོ་འདུག་ལོང་མེད་ཅེས་གསུངས་ཤིང་། འོན་ཀྱང་ཚེས་བཅུ་དེ་ཉིད་ལ་གཤེགས་ན་ས་ལོ་ཆེན་པོའི་དུས་དྲན་གྱི་མཆོད་པ་བག་ལ་ཞ་བར་གྱུར་དོགས་པ་དང་། དགེ་སློང་པས་ཀྱང་གསོལ་བ་བཏབ་པ་ལ་དགོངས་ནས་སྐུ་ཚེའི་འདུ་བྱེད་ཅུང་ཟད་བསྲིང་བ་མཛད་དེ། དེ་ནས་གྲོ་བཞིན་ཟླ་བའི་ཚེས་བཅུ་གཉིས་ཀྱི་ཉི་མ་རི་རྩེ་ལ་བཞུད་ལ་ཉེ་བ་ན། གཟུགས་སྐུ་བསྡུ་བར་བརྩམས་པའི་ཚེ་ད་རང་གསོལ་བ་མི་ཐེབས་པ་འདྲ་སྙམ་ནས་གདུང་སྲས་སྐུ་མཆེད་ཀྱང་སྤྱན་དྲངས་ནས་ཞབས་དྲུང་དུ་ཕེབས་པ་ན། ཐུགས་སྲས་རྒྱལ་ཚབ་དམ་པ་སྔགས་འཆང་གྲགས་པའི་མཚན་ཅན་གྱི་ཕྱག་གཡས་པ་ལ་བདག་ཉིད་ཆེན་པོའི་ཕྱག་གིས་བཅང་བཅངས་པ་ལན་གཉིས་མཛད་ནས། ས་སྐྱའི་སྡེ་བསྟན་པ་ལ་སྐྱག་རེ་བ་སྐྱེད་ཅིག་ཅེས་ཉིས་བཏུད་དུ་བཀའ་སྩལ་ནས། དེ་མ་ཐག་སྐུ་ཅུང་ཟད་བསྲངས་ཏེ་ས་ལོ་ཐམས་ཅད་མཁྱེན་པས་དམ་རྫས་རིལ་བུ་ཚན་གཅིག་བཞེས་པར་མཛད་འཕྲལ་ཞིང་ཁམས་འདིའི་མཛད་པ་རེ་ཞིག་རྫོགས་ནས། ཞིང་ཁམས་གཞན་དུ་གདུལ་བྱ་རྒྱ་ཆེ་བ་ལ་དགོངས་ཏེ། རྟག་འཛིན་ཅན་རྣམས་ངེས་འབྱུང་བསྐྱེད་པ་