[A:༢༧༥ན]ཐམས་ཅད་དང་བྲལ་བའི་གསལ་སྟོང་ཟུང་འཇག་གི་ངང་དུ་མཉམ་པར་འཇོག་པ་མཛད་ནས། དེ་ནས་བཅུ་བཞིའི་ཐོ་རངས་སུ་བབས་པ་ན་སྐུ་གདུང་གི་ཉེ་སྐོར་ན་བཞུགས་པ་ཀུན་གྱིས་གསན་པའི་ཐག་སྒྲ་ཤིན་ཏུ་ཆེ་བ་དང་བཅས་ཏེ། དབུ་གཙུག་གི་ཐོད་པ་སོར་གང་ཙམ་ཞིག་གཙུག་ཏོར་གྱི་ཚུལ་དུ་འཕགས་པ་ལ་བྱང་སེམས་ཀྱི་ཟིལ་པ་ཕྲོམ་མེ་བ་དང་བཅས་པར་གྱུར་ནས། དེ་དང་དུས་མཉམ་དུ་སྔར་གྱི་འོད་གསལ་ལས་བཞེངས་ཏེ། དཔའ་བོ་དང་རྣལ་འབྱོར་མའི་ཚོགས་དུ་མའི་བསུ་བ་དང་བཅས་མདོ་ནས་བཤད་པའི་བདེ་བ་ཅན་ནམ། སྔགས་ནས་བཤད་པའི་མཁའ་སྤྱོད་དག་པའི་ཞིང་དུ་བདེ་བར་གཤེགས་པ་ཡིན་ནོ། །འདིར་སྨྲས་པ། ཀྱེ་མ་ཀྱི་ཧུད་འཛམ་གླིང་ལྗོངས་འདིར་ནི། །ཐུབ་དབང་སྐྱེས་མཆོག་ལན་གཉིས་འདའ་ཚུལ་བསྟན། །གདུལ་བྱའི་ཡིད་བདེ་མ་ལུས་འཕྲོག་མཛད་པའི། །བརྩེ་ལྡན་ཁྱོད་ལས་སྤྲོས་པ་སྲིད་འདིར་སུ། །དུས་དེར་འཇིག་རྟེན་སྟོངས་སོ་སྔགས་འཆང་རྗེ། །དུས་དེར་གདུལ་བྱའི་ཡིད་བཞིན་ནོར་བུ་སྟོར། །དུས་དེར་དད་ཅན་ཐམས་ཅད་མིག་དང་བྲལ། །དུས་དེར་འཇིག་རྟེན་ཐམས་ཅད་མུན་པར་སོང་། །མཁས་བཙུན་བཟང་པོ་ཕྱོགས་རེའི་སྣང་བ་ཅན། །ཡོངས་འཛིན་རྒྱུ་སྐར་འཆར་ནུབ་མང་ན་ཡང་། །ལུང་རྟོགས་འོད་ཟེར་བྱེ་བས་ཀུན་གསལ་བའི། །བསྟན་པའི་ཉི་མ་ནུབ་བོ་སྔགས་འཆང་རྗེ། །སྐལ་བཟང་གདུལ་བྱ་རྒྱུ་སྐར་ཕྲེང་བ་ཡིས། །ཡོངས་སུ་གང་བའི་ལྷ་ལམ་གདན་ས་ཆེར། །ལུགས་གཉིས་འཕྲིན་ལས་སྣང་བ་མི་སྩོལ་བར། །སྔགས་འཆང་སྐྱེ་དགུའི་ཟླ་བ་ཅི་སླད་གཤེགས། །ཐོགས་མེད་དུས་ནས་སྨོན་ལམ་མཐུ་གྲུབ་པས། །