[A:༢༨༣ན]ནང་ནས་ནམ་མཁའི་སྙིང་པོ་དང་བདུད་འཇོམས་རྡོ་རྗེ་གཉིས་གསལ་ཞིང་། གཞན་རྣམས་འོད་ཀྱི་རྣམ་པ་འདྲ་བ་རེས་མཐོང་། རེས་མི་མཐོང་བའི་རྣམ་པ་ཅན། ཡི་དམ་ཞི་ཁྲོ་རྣམས་ཀྱི་ནང་ནས་གུར་དྲག་དང་ཡང་ཕུར་གཉིས་གསལ་ཞིང་། གཞན་རྣམས་གོང་བཞིན། མཁའ་འགྲོ་རྣམས་ཀྱི་ནང་ནས་བདེ་བའི་རྡོ་རྗེ་གསལ་ཏེ་རིགས་འཛིན་བརྒྱུད་པའི་ཟླ་ལ་འདུག གཞན་རྣམས་གོང་བཞིན། ཆོས་སྐྱོང་རྣམས་ཀྱི་ནང་ནས་བྲམ་གཟུགས་དང་མིང་དོན་མི་འཕྲོད་པའི་ཁྲོ་མོ་ཤིན་ཏུ་རྔམས་པ། ཕྱག་གཡས་གསེར་གྱི་སྤུ་གྲི་དང་། གཡོན་ན་བསེའི་སྒྲོམ་བུ་སེར་པོ་འོད་འབར་བ་པར་བུ་ཁ་གཅོད་རྒྱབ་པ་འདྲ་བ་བསྣམས་པ། དར་ནག་གི་གོས་གསེར་གྱི་ཐིག་ལེ་ཅན་ལ་སྦྲུལ་ཀྱི་སྐེ་རགས་བཅིངས་ཤིང་། ཁྲམ་ཤིང་སྐེད་ལ་བཙུགས་པ་ཅིག་འདུག་པ་དེ་གཉིས་གསལ། གཞན་རྣམས་གོང་བཞིན། གུ་རུའི་ཐུགས་སུ་བྱོན་པའི་བུད་མེད་ལྔ་ཡང་ཤིན་ཏུ་གསལ་བར་འདུག འདི་ནི་མཁའ་འགྲོ་སྡེ་ལྔ་ཡིན་ནམ་སྙམ། དེ་ལ་སོགས་ཏེ་ཉམས་སྣང་དང་འཁྲུལ་པའི་བག་ཆགས་འདྲེས་པའི་སྣང་བ་རྣམ་པ་སྣ་ཚོགས་སྣང་ལ་རང་བཞིན་མེད་པ་མེ་ལོང་ནང་གི་གཟུགས་བརྙན་ལྟར་ཁྲ་ལམ་མེ་མཐོང་བ་ལ་བརྟེན་ནས། དད་པའི་སྤུ་ལོང་རབ་ཏུ་གཡོས་ནས་མིག་ནས་མཆི་མ་ལྷུང་ཞིང་ལུས་ཀྱིས་ཕྱག་དུ་མ་ཞིག་བཙལ། ངག་གིས་སྤྱིར་གསོལ་འདེབས་དུ་མ་དང་། སྒོས་བློ་ཆོས་སུ་འགྲོ་ཞིང་ཆོས་ལམ་དུ་འགྲོ་ངེས་པ་དེ་འཁྲུལ་པ་དང་བྲལ་བའམ། མ་བྲལ་ཡང་ཡེ་ཤེས་སུ་རྟོགས་པ་ཁྱད་པར་སྐྱེ་བ་དང་ཚེ་རབས་ཐམས་ཅད་དུ་ཁྱེད་ཀྱི་ཞབས་དྲུང་དུ་སྐྱེ་སྟེ། རིགས་འཛིན་བཞིའི་གོ་འཕང་ཐོབ་ངེས་