[A:༢༨༤བ]པའི་མཚན་མ་བསམ་གྱིས་མི་ཁྱབ་པས་སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་གི་ས་ཆ་ཕལ་ཆེར་དང་། དེའི་ནང་ནས་ཀྱང་ཟབ་ཕུའི་གནས་ཆེན་རྣམས་སུ་ཡང་ཡང་སྟོན་པར་མཛད་པ་སོགས་གང་ལ་བསམས་ཀྱང་ངེས་པའི་དོན་དུ་རྡོ་རྗེའི་འཆང་ཆེན་པོ་ཉིད་ལས་གཞན་དུ་མ་འདས་མོད། གདུལ་བྱའི་སྣང་ངོ་ཙམ་དུ་ཡང་སློབ་དཔོན་ཆེན་པོ་པདྨའི་རྣམ་སྤྲུལ་ལམ། རྗེས་སུ་བཟུང་ངེས་པའི་མཐུ་སྟོབས་ནུས་པའི་མངའ་བདག་ཅན་ཞིག་ཡིན་པ་ལ་ཐེ་ཚོམ་བྱ་མི་དགོས་པ་ཡིན་ཏེ། དེ་བཞིན་གྱི་ཞལ་བཞེས་བདག་ཉིད་ཆེན་པོ་རང་ཉིད་ཀྱིས་ཀྱང་མཛད་པར་སྣང་སྟེ། དམ་པ་འདི་ཉིད་དགོངས་པ་ཆོས་དབྱིངས་སུ་ཐིམ་པར་ཉེ་བའི་སྤྲེའུའི་ལོ་ཧོར་ཟླ་དྲུག་བདུན་གྱི་སྐབས་སུ་ངེད་རང་དང་ས་སྐྱར་མཇལ་དུས་ཤིན་ཏུ་དགེས་པའི་ངང་ནས་ངེད་རང་དཔོན་སློབ་ཐུགས་ཡིད་གཅིག་ཏུ་འདྲེས་པའི་ལེགས་ལམ་ལ་བརྟེན་ནས་སྔར་སུ་ལ་ཡང་མ་གནང་བའི་ཚེ་སྒྲུབ་ཆིག་བརྒྱུད་མ་གཉིས་དང་། ལམ་ཟབ་བླ་མའི་རྣལ་འབྱོར་ཟབ་ཁྱད་ཅན་སོགས་སྩལ་བའི་ཚེ། སྤྱིར་ཐུགས་དཀྱིལ་ནས་གཞལ་བའི་འདི་ཕྱིར་ཕན་པའི་བསླབ་བྱ་དུ་མ་དང་། ལྷག་པར་བསྟན་པའི་རྩ་བ་གདན་ས་ཆེན་པོའི་ལུགས་གཉིས་ཀྱི་འཛིན་སྐྱོང་སྤེལ་གསུམ་རྣམས་འཆུགས་མི་འཆུགས་ཁྱེད་རང་ལ་རག་ལས་པས་གང་སྤྱིའི་སྤང་བླང་འདི་བཞིན་གྱིས་ཤིག་པ་སོགས་བཀའ་སྩལ་བའི་མོད་ལ། ང་ནི་སློབ་དཔོན་པདྨ་རང་མཁྱེན་བསམ་པ་འདི་ཁོ་ན་མ་གཏོགས་གཞན་ཉམས་ལེན་གང་ཡང་བྱེད་རྒྱུ་མེད་ཅེས་གསུངས་པ་དང་། ཡང་རྗེ་འདིའི་གསུང་རྩོམ་རང་རིག་དབང་བསྐུར་གྱི་སྒོམ་ཚུལ་གཅིག་ཤེས་ཀུན་གྲོལ་ཞེས་བྱ་བའི་མཇུག་ཏུ། པདྨས་རྗེས་བཟུང་