[A:༢༨༧བ]འཇུག་བདེ་བ་ཆེན་པོའི་ངང་དུ་མཉམ་པར་བཞག་སྟེ། དེ་ནས་ཚེས་བཅུ་གཉིས་ཀྱི་ཐོ་རངས་ཀྱི་ཆ་ལ་བབས་པ་ན། འོད་གསལ་ལས་ཟུང་འཇུག་གི་སྐུར་བཞེངས་ནས་དབུའི་གཙུག་ཏོར་མཆོག་ཏུ་འཕགས་ཏེ། དཔའ་བོ་དང་རྣལ་འབྱོར་མའི་ཚོགས་བསམ་གྱིས་མི་ཁྱབ་པས་བསུ་བ་དང་བཅས་དག་པའི་ཞིང་བདེ་བ་ཅན་ཟངས་མདོག་དཔལ་གྱི་རི་ག་ལ་བ་དེར། སློབ་དཔོན་ཆེན་པོ་ཉིད་ཀྱི་སྤྲུལ་པ་སྤྲུལ་གཞི་ལ་ཐིམ་པའི་ཚུལ་གྱིས་གཤེགས་པར་གྱུར་ཏོ། །དེ་ལྟར་བདག་ཉིད་ཆེན་པོ་དེ་ཉིད་ཞིང་ཁམས་གཞན་དུ་གཤེགས་པའི་ཚུལ་བསྟན་ནས་ཞག་གསུམ་ལོན་པའི་ཚེས་བཅུ་གཉིས་ཀྱི་ཉིན་ཁོ་བོ་ཅག་དགེ་སྡིངས་བཀྲ་ཤིས་བསམ་གྲུབ་ཏུ་འབྱོར་སྐབས། དེའི་ཉིན་གང་ནམ་མཁའ་དྭངས་པ་ལ་མེ་ཏོག་གི་ཆར་དང་། ཁྱད་པར་འཇའ་འོད་ཀྱི་གུར་ཁང་སྔོན་ཆད་གངས་ཅན་གྱི་ཁྲོད་དུ་མ་བྱུང་ཞིང་མི་སྲིད་པ་ལྟ་བུའི་རི་མོ་ངོ་མཚར་ཅན་གྱིས་ནམ་མཁའི་ཁམས་ཐམས་ཅད་ཁྱབ་པ་ནི་ཉི་མ་མ་ནུབ་ཀྱི་བར་བྱུང་བས་ཀུན་ཀྱང་དད་གུས་ཀྱི་བ་སྤུ་ཆེས་ཆེར་གཡོས་པར་གྱུར་ཅིང་། དེ་ནས་ངོས་ཅག་གིས་སྐུ་གདུང་རིན་པོ་ཆེའི་དྲུང་དུ་དཀར་མེ་ཞལ་ཟས་ཡོན་ཆབ་རྣམས་ཚར་དུ་དངར་བ་སོགས་མཆོད་པའི་བྱེ་བྲག་རྒྱ་མི་ཆུང་བར་བཤམ་སྟེ། ལམ་ཟབ་བླ་མ་རིན་འབྱུང་ལ་ཐུན་དུ་བཅད་ནས་མཎྜལ་དང་ལུས་ཀྱིས་ཕྱག་བྱ་བ། ངག་གིས་གསོལ་འདེབས་དང་བཤགས་པ་སྨོན་ལམ་ལ་སོགས་པ་གྲངས་མེད་པ་ཞིག་ཉི་མ་དུ་མའི་བར་དུ་བགྱིས་སྐབས། སྐུ་གདུང་རིན་པོ་ཆེ་ལས་དྲི་བཟང་ཐུལ་བ་སོགས་ངོ་མཚར་བའི་ལྟས་དུ་མ་དང་། ཁྱད་པར་སྡིག་པ་དག་པའི་རྟགས་ཤིན་ཏུ་ཆེ་བ་མངོན་གྱུར་དུ་བྱུང་སྟེ། དེའི་དུས་སུ་ཁོ་བོ་ཅག་གིས་རྗེ་འདི་ཉིད་