[A:༢༨༩བ]བཞིན་དུ་ཕུལ་ཏེ། ཁོ་བོ་ཅག་རྡོ་རྗེ་འཛིན་པ་བཅུ་ཕྲག་ལྷག་ཙམ་གྱིས་ཡི་དམ་ཀྱེ་རྡོ་རྗེ་ལ་བརྟེན་པའི་རབ་ཏུ་གནས་པའི་ཆོ་ག་སྨིན་རྒྱས་སུ་བསྒྲུབ་སྟེ། སྐུ་བརྙན་ངོ་མཚར་ཅན་དེ་ཉིད་དབུ་རྩེ་རྙིང་མར་ལམ་འབྲས་བརྒྱུད་པའི་ཁྲོད་ལ་བཞུགས་སུ་གསོལ་ཞིང་། དངུལ་གདུང་ཡིད་བཞིན་གྱི་ནོར་བུ་དགོས་འདོད་ཀུན་འབྱུང་ཉིད་ནི་གཞི་ཐོག་བླ་བྲང་གི་རིགས་འཛིན་བླ་མ་བརྒྱུད་པའི་ཕོ་བྲང་གི་སྔགས་འཆང་ཆོས་ཀྱི་རྒྱལ་པོའི་གདུང་རྟེན་གྱི་གཡས་སུ་མཆོད་པའི་བྱེ་བྲག་དཔག་ཏུ་མེད་པ་དང་བཅས་ནས་སྐྱེ་བོ་སུ་ཞིག་གིས་མཐོང་ཡང་དྭང་འདོད་ཀྱི་དད་པ་བླ་ན་མེད་པ་སྐྱེད་པ་སོགས་ཀུན་གྱིས་མཐོང་ན་ཡིད་མི་མཐུན་པ་མེད་པར་བཞུགས་པ་འདི་ཡིན་ནོ། །གཞན་ཡང་དུས་རྒྱུན་གྱི་མཆོད་པར་དགེ་འདུན་བརྒྱ་ཕྲག་ལ་ཉེ་བས་ཀྱེ་རྡོ་རྗེའི་རྩ་རྒྱུད་བརྟག་པ་གཉིས་པའི་རྒྱུད་འདོན། བླ་མ་མཆོད་ཆོག་ནར་མར་འབུལ་བ་སོགས་དང་། ལོ་དུས་ཀྱི་དུས་དྲན་གྱི་མཆོད་པ་ལ་རྗེ་བཙུན་རྡོ་རྗེ་བདག་མེད་མའི་སྒྲུབ་མཆོད་གསར་འཛུགས་བགྱིས་ཏེ། མདོར་ན་རང་གི་ལུས་ལོངས་སྤྱོད་ཐམས་ཅད་རྗེ་བཙུན་བླ་མ་དེ་ཉིད་དགོངས་པ་ཆོས་ཀྱི་དབྱིངས་སུ་རྫོགས་པའི་ཐབས་སུ་ཅི་འགྱུར་གྱི་ཐབས་ལ་རྟག་འགྲུས་སུ་བགྱིད་པ་འདི་ཡིན་ནོ།།
།།འདིར་སྨྲས་པ། དུས་གསུམ་རྒྱལ་བའི་སྤྱི་གཟུགས་གྲུབ་དབང་རྗེ། །མཐུ་རྩལ་ནུས་པའི་མངའ་བདག་ཡོངས་འཛིན་ཁྱེད། །དྲན་པའི་མོད་ལ་སློབ་བུའི་ཐ་ཆུང་བདག །གདུང་བའི་གསོལ་འདེབས་ཐལ་ལོ་སྙན་གསན་ཅིག །གང་སྐུ་པདྨ་རཱ་གའི་ལྷུན་པོ་ལ། །ཉི་མ་བྱེ་བའི་འོད་ཟེར་མདངས་འཕྲོ་བའི། །དགེས་པའི་འཛུམ་ཞལ་ཡང་ཡང་སྟོན་པ་དེ། །སྙིང་ནས་དྲན་ནོ་གསོལ་འདེབས་བྱིན་གྱིས་