[A:༣༡བ]བསྐྱངས་པའི་སྤུ་ཁ་ཅན། །མགྱོགས་འགྲོ་དུ་མའི་ཚོགས་དང་ལྷན་ཅིག་ཏུ། །ཅང་ཤེས་དབང་པོ་ཟས་ལ་སྤྱོད་འདྲ་ནི། །ཁའུའི་དལ་འབབ་རིན་ཆེན་འབྱུང་གནས་ལགས། །ཆུ་ཁུར་འཁྲིགས་པས་དགའ་མགུར་གྱུར་པའི་རྨ་བྱ་ཞིག །མིག་མཛེས་མཇུག་སྒྲོས་ཟླུམ་པོར་བསྐོར་ཏེ་ཟློས་གར་བ། །རྫིང་བུའི་ངོགས་མཆོག་ཁྱོན་ཡངས་མཐོན་པོར་རྩོམ་འདྲ་འདི། །ཁ་དོག་ཡིད་འོང་དབང་པོ་སྔོན་པོའི་རི་བོ་ལགས། །ཆོས་གྲྭ་ཆེན་པོའི་བྱང་རི་དཔོན་པོ་རི། །བྱ་ཕྲན་བྱེ་བའི་དབུས་ན་རབ་བརྗིད་པའི། །མཁའ་ལྡིང་མརྒད་འདབ་མས་མཛེས་པ་ཞིག །ངོ་མཚར་ངང་ཚུལ་བཟང་པོས་གནས་ལགས་དྲང་། །མརྒད་འཁྲིགས་འདྲའི་འཕྲ་ཡིས་རབ་མཛེས་རིན་ཆེན་འཛིན་མའི་འཁོར་ལོ་འདི། །ཟབ་ཡངས་ཆོས་འཁོར་བསྐོར་དུ་གསོལ་ཞེས་འཇིག་རྟེན་བྱེད་པོས་ཕུལ་བའམ། །ས་ལ་དབང་བསྒྱུར་སྐྱ་བཟང་ལས་ལྷག་གླིང་བཞིའི་བདག་པོར་འགྱུར་བའི་ཚེ། །མཐོ་རིས་བདག་པོས་འཁོར་ལོ་ལ་སོགས་རིན་ཆེན་བདུན་གྱིས་བཀུར་ལགས་དྲང་། །རྩེ་ཅན་རིན་ཆེན་དབང་གི་རྒྱལ་པོ་ཡང་། །འདོད་དགུའི་དཔལ་སྟེར་དགའ་བ་འཁྱིལ་པ་ནི། །བཀྲ་ཤིས་དགེ་མཚན་ཀུན་གྱི་འབྱུང་གནས་སྟེ། །དེ་ཡང་ལུས་ཅན་རྣམས་ཀྱི་བསོད་ནམས་ལགས། །འཛིན་བྱེད་མཛེས་མ་ན་འུན་སྨུག་པོའི་གོས་གྱོན་ཅིང་། །མེ་ཏོག་ལྗོན་ཤིང་རྒྱན་གྱིས་སྤྲས་པའི་ནེ་བཙུན་མཆོག །དྭང་བའི་རྒྱུན་ལྡན་ལྷས་མ་སིལ་བུར་གཞོལ་བ་ཡི། །མེ་ཏོག་སྙིམ་བཅས་གུས་པའི་ཕྱག་གིས་མཆོད་པ་ལགས། །ཆར་སྐྱ་འཁྲིགས་པའི་ཅོད་པན་འདི་ནི་གཞན་མིན་དར་གྱི་འགྱིང་ཐོད་དེ། །རྩྭ་ལྗང་མྱུ་གུས་བྲེས་པ་མ་ཡིན་ལྗང་སྔོན་གོས་ཀྱི་འཇོལ་བེར་བཀླུབས། །