R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༣༡༩བ
[A:༣༡༩བ]མཆེད་སོགས། །སྔར་བྱུང་དཔལ་ལྡན་ས་སྐྱའི་གདན་རབས་ཡིན། །ཞེས་སོ།
།གཉིས་པ་དེའི་དོན་ཅུང་ཟད་བཤད་པ་ནི། གོང་དུ་ཇི་སྐད་བསྟན་པའི་ངོ་མཚར་གྱི་རྣམ་ཐར་དུ་མ་དང་ལྡན་པའི་སྐྱེས་བུ་དམ་པ་རིམ་པར་བྱོན་པ་དེ་རྣམས་ཀྱི་བསྟི་གནས་དམ་པ་གདན་ས་ཆེན་པོ་བོད་ཀྱི་རྡོ་རྗེ་གདན་དཔལ་ལྡན་ས་སྐྱ་ཞེས་སྙན་པའི་བ་དན་དཀར་པོ་སྲིད་རྩེའི་བར་དུ་ལེགས་པར་གཡོ་བ་འདི་ཉིད། འཁོན་སྟོན་དཀོན་མཆོག་རྒྱལ་པོ་དགུ་ལོ་བཞི་བཅུ་བཞེས་པ་ཆུ་མོ་གླང་གི་ལོ་འགྲམ་བཏབ་ཅིང་། །དེ་ནས་བཟུང་སྟེ་ཆུ་ཕོ་རྟའི་བར་ལོ་སུམ་ཅུ་ཐམ་པ་འཁོན་སྟོན་ཉིད་ཀྱིས་དཔལ་ས་སྐྱའི་གདན་ས་མཛད་ལ།
ཁ་ཅིག་དགོན་གནས་འདེབས་པ་པོ་ཉིད་གདན་ས་པར་མི་བགྲང་བའི་ལུགས་སྣང་ན་ཡང་། འདིར་ནི་མཁས་པའི་དབང་པོ་དཀོན་མཆོག་ལྷུན་གྲུབ་ཀྱི་གསུང་གི་ཚིག་འགྲེལ་གྱི་དབང་དུ་བྱས་པ་ཡིན་ནོ།
།བདག་ཉིད་ཆེན་པོ་དེ་དགུང་ལོ་ང་དགུར་ཕེབས་པ་ན། བླ་མ་ས་སྐྱ་པ་ཆེན་པོ་སྐུ་བལྟམས་ཏེ་དགུང་ལོ་བཅུ་གཅིག་ཏུ་ཕེབས་པ་ཆུ་མོ་ལུག་ནས་བརྩམས། ལྕགས་ཕོ་སྟག་ལོའི་བར་ལོ་བརྒྱད་ཀྱི་རིང་ལ་བ་རི་ལོ་ཙཱ་བ་ཆེན་པོའི་གདན་ས་མཛད་ཅིང་། དེའི་རྗེས་བརྩེ་ཆེན་ཀུན་དགའ་སྙིང་པོ་དགུང་ལོ་ཉི་ཤུར་ཕེབས་པ་ལྕགས་མོ་ཡོས་ནས་བཟུང་སྟེ་དྲུག་ཅུ་རེ་བདུན་བཞེས་པ་ས་ཕོ་སྟག་གི་ལོའི་བར་ཏེ། ལོ་གྲངས་བཞི་བཅུ་ཞེ་བརྒྱད་བླ་མ་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ་ཉིད་ཀྱིས་གདན་ས་མཛད། བླ་མ་འདི་དགུང་ལོ་ང་གཅིག་ཏུ་ཕེབས་པ་ཆུ་ཕོ་ཁྱི་ལོ་སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ་སྐུ་བལྟམས་ཤིང་། འདིས་གདན་ས་ལོ་གསུམ་མཛད་པར་བླ་མ་དམ་པའི་དངོས་སློབ་ཤེས་རབ་རྡོ་རྗེ་པའི་གདུང་རབས་ལས་འབྱུང་ལ། སྟག་ཚང་ལོ་ཙཱ་བས་ལོ་ཉེར་གསུམ་གདན་ས་མཛད་