[A:༣༢༡ན]ངོ་། །དེ་ལྟར་འཕགས་པ་རིན་པོ་ཆེས་ལོ་གཉིས་གདན་ས་མཛད་ནས་ཡང་གོང་ལ་ཕེབས། དེའི་བར་ལོ་དགུ་གཅུང་རིན་ཆེན་རྒྱལ་མཚན་གྱིས་མཛད་དེ། སླར་ཡང་ཆོས་ཀྱི་རྒྱལ་པོ་འཕགས་པས་མེ་ཕོ་བྱི་བ་ནས་ལྕགས་ཕོ་འབྲུག་གི་བར་ལོ་ལྔ་གདན་ས་མཛད་ནས། དེའི་ཕྱི་ལོ་ལྕགས་མོ་སྦྲུལ་ནས་མེ་མོ་ཕག་གི་བར་ལོ་བདུན་དྷརྨ་པཱ་ལ་རཀྵི་ཏས་གདན་ས་མཛད་ཅིང་། དེ་ནས་བདག་ཉིད་ཆེན་པོས་གདན་ས་ནམ་མཛད་ཀྱི་བར་ལ་ཤར་པ་འཇམ་དབྱངས་ཆེན་པོས་གདན་ས་མཛད་དེ། །དེ་ཡང་ས་ཕོ་བྱི་བ་ནས་མེ་མོ་བྱའི་བར་ལོ་བཅུ་མཛད། དེའི་རྗེས་སུ་ས་ཕོ་ཁྱི་ནས་ཤིང་ཕོ་བྱི་བའི་བར་ལོ་ཉི་ཤུ་རྩ་བདུན་བདག་ཉིད་ཆེན་པོ་བཟང་པོ་དཔལ་གྱིས་གདན་ས་མཛད་པ་ཡིན་པར་མུས་སྲད་པས་བཤད་ཅིང་། ཁོ་བོས་བྱས་པའི་གདུང་རབས་འདིར་བདག་ཉིད་ཆེན་པོའི་རྣམ་ཐར་གྱི་སྐབས་སུ་ཤར་པ་འཇམ་དབྱངས་ཆེན་པོ་དང་། བདག་ཉིད་ཆེན་པོས་གདན་ས་མཛད་པའི་ལོ་གྲངས་སོགས་ནི་ཤེས་རབ་རྡོ་རྗེའི་གདུང་རབས་ལྟར་བྲིས་པ་ཡིན་ནོ། །དེ་བས་ན་དཔལ་ལྡན་ས་སྐྱ་སྤྱི་ལ་དབང་མཛད་པའི་གདན་རབས་བཅུ་གཅིག་སྟེ། གདུང་བརྒྱུད་རིན་པོ་ཆེ་བརྒྱད་དང་། བུ་ཆེན་གསུམ་ཡོད་པའམ། ཡང་དཀར་ཤཱཀྱ་གྲགས་ཀྱི་གདན་ས་མ་མཛད་པ་ལྟར་ན། གདུང་བརྒྱུད་བརྒྱད་དང་གདུང་བརྒྱུད་མ་ཡིན་པ་བ་རི་ལོ་ཙཱ་བ་དང་། ཤར་པ་འཇམ་དབྱངས་རིན་ཆེན་རྒྱལ་མཚན་ཏེ་གཉིས་བྱོན་པས། བླ་བྲང་གོ་བཞིར་མ་གྱེས་གོང་དཔལ་ལྡན་ས་སྐྱ་སྤྱི་ལ་དབང་བའི་གདན་རབས་བཅུ་བྱུང་བར་ཤེས་པར་བྱ་ཞིང་། ཡང་སློབ་དཔོན་བསོད་རྩེའི་གདན་ས་མ་མཛད་པ་ལྟར་ན། གདུང་བརྒྱུད་བདུན་ལས་མ་བྱུང་བ་