[A:༣༢༡བ]ཉིད་ཁས་ལེན་དགོས་པར་སྣང་ངོ་། །དེ་ནས་བླ་བྲང་གོ་བཞིར་གྱེས་ཏེ། གཞི་ཐོག་བླ་བྲང་ཆེན་པོ་མཁས་བཙུན་ཆེན་པོ་སྐུ་མཆེད་ཀྱིས་བསྐྱངས། རིན་ཆེན་སྒང་བླ་བྲང་ཏ་དབེན་ཀུན་དགའ་ཉི་མ་སྐུ་མཆེད་ཀྱིས་བསྐྱངས། ལྷ་ཁང་བླ་བྲང་ཏི་ཤྲཱི་ཀུན་དགའ་ལེགས་འབྱུང་སྐུ་མཆེད་ཀྱིས་བསྐྱངས། དུས་མཆོད་བླ་བྲང་དབང་ཀུན་དགའ་ལེགས་པས་སྐྱོང་བར་མཛད་པས་བླ་བྲང་དེ་བཞི་ལ་གདུང་བརྒྱུད་བཞུགས་པའི་བླ་བྲང་བཞི་ཞེས་གྲགས་ལ། དེ་ནས་རེ་ཞིག་གི་བར་གདན་ས་སྤྱི་ལ་དབང་བསྒྱུར་བ་ཞིག་གདུང་བརྒྱུད་སུས་ཀྱང་མ་མཛད་རུང་། གཞི་ཐོག་བླ་བྲང་ཆེན་མོར་བཞུགས་ཤིང་ཚོགས་ཆོས་གསུང་བ་སོགས་གདན་ས་ཆེན་པོའི་མཛད་པ་ཁག་ཆེ་བ་རྣམས་མཛད་པ་པོ་ལ་གདན་ས་པར་བཤད་པ་ཡིན་པས་ན། བདག་ཉིད་ཆེན་པོ་སྐུ་གཤེགས་པའི་ཕྱི་ལོ་ཤིང་མོ་གླང་གི་ལོ་མཁས་བཙུན་ཆེན་པོ་དགུང་ལོ་ཉི་ཤུར་ཕེབས་པ་ནས། སོ་དགུ་པ་ཆུ་མོ་ལུག་གི་ལོའི་བར་ལོ་གྲངས་བཅུ་དགུ་གཞི་ཐོག་པ་མཁས་བཙུན་ཆེན་པོ་ཉིད་ཀྱིས་གདན་ས་མཛད། དེ་ནས་འཇམ་དབྱངས་དོན་ཡོད་རྒྱལ་མཚན་གྱིས་ལོ་གསུམ་ཙམ་གདན་ས་མཛད་ལ། དེའི་རྗེས་སུ་དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ཞེས་མཚན་ཡོངས་སུ་གྲགས་པ་དེ་ཉིད་ཀྱིས་རྗེ་རང་ཉིད་དགུང་ལོ་སོ་གསུམ་དུ་ཕེབས་པ་ནས་བཟུང་ཡུན་མི་རིང་ཙམ་ཞིག་གཞི་ཐོག་གི་གདན་ས་མཛད་ལ། དེའི་རྗེས་ནས་ལྷ་ཁང་བླ་བྲང་བའི་གདུང་བརྒྱུད་ཏ་དབེན་བློ་གྲོས་རྒྱལ་མཚན་ཞེས་བྱ་བས་ལོ་བཅོ་བརྒྱད་ཀྱི་བར་དུ་གདན་ས་མཛད། དེ་ནས་ཏ་དབེན་ཀུན་དགའ་རིན་ཆེན་ཞེས་བྱ་བས་དགུང་ལོ་བཅུ་ཕྲག་གཉིས་ཙམ་བཞེས་པ་ནས་བཟུང་སྟེ། ཡུན་རིང་པོའི་བར་དུ་གདན་ས་