[A:༣༨བ]དང་། ཡེ་ཤེས་ཞབས་ཀྱི་བྱེ་བྲག་སྨན་ཞབས་ཀྱི་རྒྱུད་འགྲེལ་མན་ངག་དང་བཅས་པ་དང་། ཞལ་ལུང་ཡན་ལག་དང་བཅས་པ་རྣམས་གསན་ནོ། །རྣལ་འབྱོར་རྒྱུད་ལ། དེ་ཉིད་འདུས་པ་འགྲེལ་པ་དེ་ཉིད་སྣང་བ་དང་བཅས་པ། རྡོ་རྗེ་རྩེ་མོ། དཔལ་མཆོག་དང་པོ། སྦྱོང་རྒྱུད་ལ་སོགས་པ་ཡན་ལག་དང་བཅས་པ་གསན་ནོ། །གཤིན་རྗེ་གཤེད་ཀྱི་རྒྱུད་གསུམ་ཡན་ལག་དང་བཅས་ཤིང་མན་ངག་དུ་མ་དང་དུས་འཁོར་གྱི་ཕྱི་ནང་གི་རྩིས་མན་ངག་དང་བཅས་པ་དང་། །མཚན་བརྗོད་འགྲེལ་པ་ཡན་ལག་དང་བཅས་པ་དང་། ཡང་སྤྱོད་རྒྱུད་ལ། མི་གཡོ་བའི་རྟོག་པ་ཆེན་པོ་ལ་སོགས་པ་དུ་མ་དང་། བྱ་རྒྱུད་ལ། གསང་བ་སྤྱི་རྒྱུད། དཔུང་བཟང་ལ་སོགས་པ་དུ་མ་དང་། གཞན་ཡང་མདོ། བསྟན་རྩིས། མན་ངག་ལ་སོགས་པའི་ཆོས་ཀྱི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་གསན་ཞིང་ཐུགས་སུ་ཆུད་པར་མཛད་དེ། །ཆོས་གང་ཞུས་ཀྱང་དེ་མ་ཐག་ཐུགས་ལས་གསུངས་པ་ལས་ཕྱིས་བྱ་གསུངས་བའི་ལུགས་མེད། གཞན་ཡང་རྗེ་པ་ན་རེ། ང་ཐོས་རྒྱ་ཅན་མ་ཡིན་ཏེ་བལྟས་རྒྱ་ཅན་ཡིན། བཀའ་སྡེ་སྣོད་ཀྱི་ཆོས་ལ་མ་བལྟས་པ་ཙམ་མེད། འོན་ཀྱང་དགེ་སློང་ཅིག་བསྒྲུབས་ན་དགོངས་ནས་འདུལ་ལུང་ཕྱི་མོ་ཐུབ་མ་གཟིགས། དེ་ནས་དགེ་སློང་མི་འགྲུབ་བར་འདུག་ནས་ལུང་ཡང་གཟིགས་ཞེས་གསུངས། ཐུགས་དམ་ལ་ཤིན་ཏུ་བརྩོན་ཏེ་ནམ་ཕྱེད་ཐུག་པར་ཐུགས་དམ་གྱིས་དུས་འདའ། དེ་ནས་ཐོ་རངས་སྔ་མོར་ན་བཟའི་ཚགས་མཛད། དགུན་ཡིན་ཡང་སྐུ་རགས་ལ་བུམ་པ་དྲིལ་ནས་ཐོ་རངས་སུ་ཁྲུས་མཛད་ནས་ཐུགས་དམ་ལ་འཇུག ཆོས་གསུངས་པའི་དུས་སུ་ཡང་ཆོས་གསུང་དུ་འབྱོན་པ་དང་ཀྱེ་རྡོ་རྗེ་