[A:༤༢ན]སོ། །དེ་ནས་ཚེའི་དུས་བྱས་ནས་མ་ག་དྷཱ་བྱ་རྒོད་ཕུང་པོའི་རིའི་བྱང་ངོས་ན་བཙུན་པའི་པཎྜི་ཏ་རྒས་པོ་ཅིག་ཡོད་པས། ཚེའི་དུས་བྱས་ནས་ཨོ་རྒྱན་གྱི་ཡུལ་གྱི་བྱང་གི་རི་ལ་དགོན་པ་ཅིག་ཡོད། དེའི་ཤོད་ན་ལྷ་ཁང་ཅིག་ན་འཁོར་རྣམས་ཡོད། དེའི་དཔོན་བཙུན་པའི་པཎྜི་ཏ་གཅིག་ཏུ་ཡོད་པ་ལས་འདས། དེ་ནས་སྐྱེ་བ་གཉིས་ཡོད་དེ་བརྗེད། དེ་ནས་བོད་གཅུང་པའི་ཕུ་བྱང་དུ་བསྟན་པའི་མདའ་བྱེ་ཚུབ་ལྡང་བའི་ཤར་གྱི་གད་ལེའི་ལོགས་ནས་ཁ་བྱང་དུ་བསྟན་པ་ན་ཐེམ་པ་ལ་འཛེགས་པ་ན་དགོན་པ་ཅིག་ཡོད། དེ་ན་ལྷོ་ཕྱོགས་ན་ནག་པོ་ཚངས་བྱས་པ། བྱང་ངོས་ན་མཆོད་ཁང་ཅིག་གི་ནང་ན་གསེར་གྱི་མཆོད་རྟེན་གཅིག་གི་ནང་ན་སྔགས་པ་བགྲེས་པོ་ཅིག་ཏུ་ཡོད་པའི་ཚེ་མཚན་བརྗོད་མང་དུ་བཤད། དེའི་དུས་ཀྱི་འགྲེལ་པ་སྔགས་དོན་རྣམ་གཟིགས་ཡིན། དེའི་དབུ་ན། ཐོབ་དཀའ་རྒྱུ་དང་བཅས་པ་ཡི། །མཚན་གྱི་དོན་རྣམས་བསྡུས་པ་ཡིན། བྱ་བ་ཅིག་ཡོད་དེ་ད་ལྟ་སྒམ་འདི་ན་བཞུགས། དེ་རྩ་བ་མཚལ་གྱིས་བྲིས་པར་བཤར་མར་འདུག་པ་དྲན། སྤྱིར་ངས་སྐྱེ་བ་བདུན་ཙམ་དྲན་པ་རྨིས། གཉིད་སད་པ་དང་སྟོན་པ་སྤལ་སྟོན་གམ་ན་འདུག་པ་ལ་བཟླས་ཏེ་དཔེ་གཡངས་པས་འགྲེལ་པ་དེ་སྣང་ངོ་། །དུས་ཕྱིས་ལོ་སོ་བདུན་ལོན་ནས། སློབ་དཔོན་རིན་པོ་ཆེ་བདེ་བ་ཅན་དུ་གཤེགས་ནས་རིང་པོ་མ་ལོན་པའི་ཚེ། དགུན་གྱི་ཐོ་རངས་མནལ་དུ་སོང་བའི་ཚེ་སློབ་དཔོན་རིན་པོ་ཆེའི་གདུང་ཁང་གི་གསེབ་ནས་སྦྲང་བུ་ཆེའི་སྐད་ལྟ་བུས་སྒྲ་བར་སྣང་ལ་ཐོན་ཏེ་འདི་སྐད་ཅེས། ཁྱོད་ནི་འདི་ནས་བྱང་ཕྱོགས་སུ་ཞིང་ཁམས་དཔག་ཏུ་མེད་པ་འདས་པ་ན་འཇིག་རྟེན་གྱི་ཁམས་གསེར་གྱི་མདོག་