[A:༤༣བ]སེམས་ཀྱི་བདག་ཉིད་དངོས། །དང་པོ་ཆོས་ཉིད་གདན་དུ་བྱ། །འབྱུང་བ་རླུང་ལ་སྦར་ཟིན་བྱ། །གཏུམ་མོས་མེ་དྲོད་རབ་ཏུ་བསྐྱེད། །བྱང་ཆུབ་སེམས་རྒྱུན་དབུ་མར་བཞུགས། ལ་སོགས་འབྱུང་བ་དབང་དུ་འདུ། །ཡེ་ཤེས་ལྔ་ནི་མངོན་གྱུར་ནས། །འཆི་བ་མེད་པའི་གནས་ཐོབ་བོ། །ཞེས་གསུངས་པས་ཕྱི་ནང་གི་རྟེན་འབྲེལ་ཐམས་ཅད་ཐུགས་སུ་ཆུད་དོ། །ཡང་འདིའི་ངོ་མཚར་བའི་རྣམ་ཐར་ནི། རྒྱ་གར་དུ་འཇིགས་བྱེད་ཀྱི་བསྐྱེད་རིམ་གསལ་ཞིང་། རྫོགས་རིམ་དང་ལྷག་བསམ་དང་བྲལ་བ་ཞིག་ཚེའི་དུས་བྱས་ནས། དབུ་དགུའི་དོད་ཝ་བ་དགུ་བརྩེགས་བྱས་པའི་འདྲེ་གདུག་པ་ཅན་ཅིག་ཏུ་སྐྱེས། དེ་ཉིད་ཁ་ཆེ་པཎ་ཆེན་བོད་དུ་བྱོན་པའི་རྗེས་ལ་འབྲངས་ཏེ། སུ་གང་གིས་ཀྱང་བཟློག་པར་མ་ནུས་པའི་ཚེ། པཎ་ཆེན་ས་སྐྱར་ཕེབས་པའི་སྐབས་སུ་རྗེ་པས་རྡོ་དྲིལ་བསྣམས་ནས་བསུ་བ་ལ་བྱོན། འགབ་འབྲངས་དེ་མཁྱེན་ནས་རྡོ་དྲིལ་ནམ་མཁར་བཞག་ནས་བསྐྲད་པས། རྒྱ་གར་ལ་ཡང་ལྡོག་མ་ནུས་པ་རྒྱ་ནག་ལ་སོང་བས། དེང་སང་རྒྱ་ནོར་ཁམ་ཆེ་ཙམ་གྱི་རྗེས་ལ་མྱུལ་བ་དེའོ། །ཡང་སྐབས་ཤིག་ཏུ་རྗེ་བཙུན་གཟིམས་སྤྱིལ་དཀར་པོར་ཐུགས་དམ་ལ་བཞུགས་དུས། ཆོས་རྗེ་ལ་པཎ་ཆེན་གྱིས་ཁྱོད་ཀྱི་ཁུ་བོ་ཅི་བྱེད་ཀྱིན་ཡོད་གསུངས། ཐུགས་དམ་ལ་ཞུགས་ཞུས་པས། རང་རེ་བལྟར་འགྲོ་གསུངས། བདག་གི་སྔོན་ལ་ཕྱིན་ལགས་ཀྱིས་ཞུས་པས། མཉམ་དུ་འགྲོ་གསུངས་ནས་རྗེ་པས་གསང་བ་འདུས་པའི་བདག་བསྐྱེད་ཚར་ནས་མདུན་བསྐྱེད་ཀྱི་མཆོད་བསྟོད་མཛད་པའི་ཐད་དུ་ཕེབས། །རྗེ་པས་ཕྱག་མཛད་སྙམ་བཞེངས། རྡོར་དྲིལ་ཅོག་ཙེ་ཁར་བཞག་དགོངས་ཙ་ན་བར་སྣང་ལ་ཁྲོལ་ལེ་