R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༤༨བ
[A:༤༨བ]ཤེས་ཕྱི་ནང་ཀུན་རིག་རྣམ་དཔྱོད་བློ་གྲོས་མཚུངས་མེད་ང་། །འདི་འདྲ་གང་ཡིན་ས་སྐྱ་པ་སྟེ་མཁས་པ་གཞན་དག་གཟུགས་བརྙན་ཡིན། །ཞེས་དང་། འགའ་ཞིག་འདི་སྐད་དུ་འདྲི་སྟེ། །ས་སྐྱ་པཎྜི་ཏ་ཁྱོད་མཁས་པ་རྣམས་ལ་ཡོངས་སུ་གྲགས་པའི་ཤེས་བྱ་ཕལ་ཆེ་བ་ཤེས་པར་ཁས་འཆེ་བ་ཞིག་འདྲ་ན། མངོན་པའི་ང་རྒྱལ་གྱིས་མི་ཤེས་བཞིན་དུ་ཤེས་སོ་སྙམ་ནས་ཁས་འཆེ་བའམ། འོན་ཏེ་ཤེས་པ་དང་མི་ཤེས་པའི་རྟོག་དཔྱོད་མ་བཏང་བར་སྨྱོན་ཚིག་ལྟ་བུར་འདོད་རྒྱལ་དུ་ཁས་བླང་བ་ཞིག་གམ། གལ་ཏེ་ཡ་རབས་ཀྱི་ཚུལ་དུ་ལེགས་པར་ཤེས་པ་ལ་ཤེས་པར་བཟུང་ནས་དྲང་པོའི་རང་བཞིན་ཉིད་སྨྲས་པ་ཡིན་ཞེ་ན། སྨྲས་པ་འདི་རྒྱུ་མཚན་མེད་པར་སྨྲས་པ་མ་ཡིན་གྱི། ལེགས་པར་ཐོས་ཤིང་ཤེས་ལ་གཞན་ལ་ཡང་ཆོས་དང་མཐུན་པར་ལན་འདེབས་པར་མྱོང་བས་གྲུབ་ནས་སྒྲ་པ་ང་ཡིན་ཞེས་བྱ་བ་ལ་སོགས་པ་སྨྲས་སོ་ཞེས་དང་། སྐྱེ་བ་གཞན་དུ་སྦྱངས་པ་དང་། །མཁས་པ་དུ་མ་བསྟེན་པ་དང་། །རྣམ་པར་དཔྱོད་པའི་བློ་གྲོས་ཀྱིས། །ཤེས་བྱ་ཀུན་ལ་འཇིགས་མེད་ཐོབ། །ཅེས་མདོར་བསྡུས་ཏེ་གསུངས་པ་ལ། དེ་ཉིད་རྒྱས་པར་བཤད་ན་མཁས་པར་བྱ་བའི་ཡུལ་ནི། དེ་ཡུལ་བརྡ་སྤྲོད་རྟོག་གེ་དང་། །གསོ་བ་ཕྱི་ནང་རིག་ཅེས་བྱ། །ཞེས་པ་ལྟར་རིག་པའི་གནས་ལྔ་ཡིན་པ་ལས། སྒྲ་རིག་པ་ནི་བརྡ་སྤྲོད་པར་བྱེད་པའི་བསྟན་བཅོས་ཡིན་ལ། དེའི་གཙུག་གི་ནོར་བུ་ལྟ་བུར་ཀ་ལཱ་པ་དང་། ཙནྡྲ་པ་ཡན་ལག་གི་བསྟན་བཅོས་དང་བཅས་པ་རྣམས་ལེགས་པར་མཁྱེན་པས་ཚིག་གི་ཆ་གང་ལའང་ཐོགས་པ་མེད་པའི་མཁྱེན་པ་ཅན་སྨྲ་བའི་མཆོག ཙནྡྲ་གོ་མི་དང་། རྒྱས་པ་དང་། གནས་འཇིག་དང་། གྲོག་མཁར་