R755: དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར། གླེགས་བམ་དང་པོ།

  • Pagination (Witness A): 101
[A:101]མགོན་དཔལ་མཆོག་རྒྱལ་མཚན། ཆོས་རྗེ་དོན་གྲུབ་རྒྱལ་མཚན། མཁས་བཙུན་གྲུབ་པ་ཁམས་སྟོན་ནམ་མཁའ་དཔལ་བཟང༌། དེས་བདག་བནྡེ་ཚུལ་ཁྲིམས་རིན་ཆེན་ལའོ། །ཡང་ན་ས་སྐྱ་པཎ་ཆེན་ནས། ཆོས་ཀྱི་རྒྱལ་པོ་འཕགས་པ་བློ་གྲོས་རྒྱལ་མཚན། ཞང་དཀོན་མཆོག་དཔལ་བ། ན་བཟའ་བྲག་ཕུག་པ་བསོད་ནམས་དཔལ། འཇམ་པའི་དབྱངས་དོན་ཡོད་རྒྱལ་མཚན། སློབ་དཔོན་འདུལ་འཛིན་པ། ཆོས་རྗེ་བྱང་ཆུབ་སེང་གེ ཤར་ཆེན་ཡེ་ཤེས་རྒྱལ་མཚན་མན་འདྲའོ། །༈། །གསུམ་པ་གཞན་རྗེས་སུ་འཛིན་པ་རིག་པའི་གནས་ལ་བཟོ་དང་གསོ་བ་གཉིས། དང་པོ་བཟོ་རིག་པ་ནི། སྟག་ཚང་ལོ་ཙཱ་བའི་རིག་གནས་ཀུན་ཤེས་ལས། བཟོ་ལ་ལུས་བཟོ་ངག་བཟོ་ཡིད་བཟོ་གསུམ། །ཞེས་གསུངས་པ་ལྟར་ན། རིག་པའི་གནས་ཕལ་ཆེར་བཟོ་རིག་པའི་ཁོངས་སུ་འདུ་བར་གསུངས་ཤིང༌། འདིར་བཟོ་རིག་བྱེ་བྲག་པ་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་དང༌། འགྲེལ་ཆེན་དྲི་མེད་འོད་དང༌། བདེ་མཆོག་སྡོམ་པ་འབྱུང་དང༌། གཤིན་རྗེའི་གཤེད་ནག་པོ་རྒྱུད་འགྲེལ་བཅས་དང༌། འཇམ་དཔལ་རྩ་བའི་རྒྱུད་དང༌། བསླབ་པ་ཀུན་ལས་བཏུས་པ་ལ་སོགས་པ་ནས་གསུངས་པའི་དེ་བཞིན་གཤེགས་པ་དང༌། རྒྱལ་ཡུམ་སོགས་དང་བྱང་ཆུབ་སེམས་དཔའ་ཁྲོ་བོ་ཁྲོ་མོ་སོགས་ཀྱི་སྐུའི་ཐིག་རྩ་ཅི་རིགས་པར་བཤད་པ་རྣམས་དང༌། དེ་དག་གི་བཞེད་པ་མ་ནོར་བར་སྟོན་པར་བྱེད་པ་མཁས་དབང་སྨན་བླ་དོན་གྲུབ་པས་མཛད་པའི་སྐུ་གཟུགས་ཀྱི་ཚད་ཀྱི་རབ་ཏུ་བྱེད་པའི་གཞུང་ནི། བོད་ཡུལ་འདིར་རྒྱ་གཞུང་ཚད་ལྡན་ལྟ་བུར་ཁས་ལེན་དགོས་པས། གཞུང་དེར་དེ་བཞིན་