R755: དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར། གླེགས་བམ་དང་པོ།

  • Pagination (Witness A): 102
[A:102]གཤེགས་པའི་སྐུའི་མཚན་དང་དཔེ་བྱད་བཤད་པ། ཚད་ཀྱི་གཞུང་དུ་གྲགས་པ་འགའ་ཞིག་རང་བཟོས་བསླད་པའི་མི་འཐད་པའི་ཕྱོགས་དགག་པ། ཚད་དང་མི་ལྡན་པའི་སྐུ་གཟུགས་བཞེངས་པའི་ཉེས་སྐྱོན་བརྗོད་པ། མདོ་རྒྱུད་ཀྱི་གཞུང་ལུགས་ཆེན་པོ་རྣམས་ཀྱི་ལུང་གིས་ཚད་ལྡན་གྱི་ལུགས་དགོད་པ། ཚད་དེ་དག་དང་ལྡན་པའི་སྐུ་གཟུགས་བཞེངས་པའི་ཕན་ཡོན་བརྗོད་པ། སྐུ་གཟུགས་བཞེངས་པའི་ལྷ་བཟོ་དང་སྦྱིན་བདག་གི་མཚན་ཉིད་བརྗོད་པ། དེ་དག་ལག་ཏུ་བླང་བའི་རིམ་པར། ཇི་སྐད་དུ། རྒྱལ་བའི་སྐུ་གཟུགས་ཐལ་མོ་བཅུ་པ་དང༌། །རྒྱལ་སྲས་རྣམས་ཀྱི་མཐོ་བཅུ་ཞན་པ་དང༌། །རྒྱལ་ཡུམ་སོགས་ཀྱི་ཞལ་ཚད་དགུ་པ་དང༌། །རྒྱལ་དབང་ཁྲོས་པ་རྣམས་ཀྱི་གདོང་བརྒྱད་པ། །མིའུ་ཐུང་གི་ལུས་ཚད་མཐོ་དྲུག་པ། །ཞེས་འབྱུང་བ་ལྟར་གྱི་རྒྱས་པར་བཤད་པ་སྟེ་དོན་ཚན་བདུན་གྱི་སྒོ་ནས་བསྟན་པ་དང༌། དེའི་རྗེས་སུ་འབྲང་བར་གྱུར་པ་དབྱངས་ཅན་ལྷ་མོས་རྗེས་སུ་བཟུང་བ་རྟ་ནག་རི་མཁར་བ་དཔལ་ལྡན་བློ་གྲོས་བཟང་པོས། གང་ཕྱིར་གང་གིས་གང་ལ་གང་ལྟར་འདྲི། །རྟགས་དང་སྐྱོན་ཡོན་སྤང་བླང་ཇི་ལྟར་བྱ། །ཞེས་པ་ལྟར་དོན་ཚན་བརྒྱད་ཀྱིས་བསྟན་པ་དང༌། དེ་དག་གི་རྗེས་སུ་འབྲངས་ནས་འཇམ་པའི་དབྱངས་ཀྱི་སྤྲུལ་པའི་ཟློས་གར་མཁས་དབང་སངས་རྒྱས་རྒྱ་མཚོས་ལག་ཏུ་བླང་བའི་ཐིག་འདེབས་ཀྱི་རིམ་པ་དབུས་གཙང་ཕྱོགས་ཀྱི་བྲིས་འབུར་མཁས་པའི་ལྷ་བཟོ་རྣམས་ཀྱི་ཚད་ཀྱི་ཕྱི་མོ་རྣམས་བསྟུན་ཏེ་བཻ་ཌཱུར་གཡའ་སེལ་དུ་གསལ་བར་ཕྱེ་བ་རྣམས་དང༌། གཞན་ཡང་ཁོ་བོ་ཅག་གི་ཡང་མེས་སྤྲུལ་སྐུ་སངས་རྒྱས་ལྷ་དབང་གིས་མཛད་པའི་བསྐོར་ཐིག་གི་འགྲེལ་པ་མཐོང་བ་དོན་