R755: དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར། གླེགས་བམ་དང་པོ།

  • Pagination (Witness A): 123
[A:123]པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར་ལས། སོ་སོར་ཐར་པའི་སྡོམ་པའི་ཆོས་སྐོར་ཐོས་པའི་བརྒྱུད་རིམ་གྱི་སརྒ་སྟེ་བཞི་པའོ། །། །གཉིས་པ་བྱང་ཆུབ་སེམས་དཔའི་སྡོམ་པའི་ཆོས་སྐོར་ཐོས་པའི་བརྒྱུད་རིམ་ནི། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། རྫོགས་པའི་བྱང་ཆུབ་སེམས་དང་ཆོས་འཛིན་དང༌། །ཆོས་སྒྲུབ་པ་དང་སྲོག་ཆགས་སྙིང་བརྩེ་བ། །ཆོས་བཞི་འདི་དག་ཡོན་ཏན་མཐའ་མེད་དེ། །འདི་དག་མཐའ་ནི་རྒྱལ་བ་མི་གསུང་ངོ༌། །ཞེས་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་ཀྱང༌། བྱང་ཆུབ་སེམས་བསྐྱེད་གྱུར་ན་སྐད་ཅིག་གིས། །འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང༌། །འཇིག་རྟེན་ལྷ་མིར་བཅས་པས་ཕྱག་བྱར་འགྱུར། །ཞེས་དང༌། བསླབ་བཏུས་ལས། སྡུག་བསྔལ་མཐར་འབྱིན་འདོད་པ་དང༌། །བདེ་བའི་མཐར་ཡང་འགྲོ་འདོད་པས། །དད་པའི་རྩ་བ་བརྟན་བྱ་སྟེ། །བྱང་ཆུབ་ལ་ནི་བློ་བརྟན་བྱ། །ཞེས་གསུངས་པ་ལྟར་རང་གཞན་ཐམས་ཅད་སྲིད་ཞིའི་ཕ་རོལ་དུ་སོན་པའི་མི་གནས་པའི་མྱ་ངན་ལས་འདས་པ་དོན་དུ་གཉེར་བའི་བློ་གྲོས་ཅན་རྣམས་ཀྱིས། གནས་སྐབས་སུ་ལྷ་མིའི་གོ་འཕང་ཙམ་མམ་རང་དོན་དུ་ཞི་བདེའི་མྱ་ངན་ལས་འདས་པ་ལྷུར་བྱེད་པའི་བསམ་སྦྱོར་ཐམས་ཅད་ལས་རྒྱང་བསྲིངས་ཏེ། རྒྱལ་བའི་མྱུ་གུ་རྣམས་ཀྱི་འཇུག་སྒོ་ཆེན་པོ་འདིར་འཇུག་པ་ལ་ཤིན་ཏུ་འབད་དགོས་ཏེ། ཅིའི་ཕྱིར་ན། ཐུབ་པའི་དགོངས་པ་རབ་ཏུ་གསལ་བ་ལས། ཕན་བདེའི་འབྱུང་གནས་རྫོགས་པ་ཡི། །སངས་རྒྱས་རྒྱལ་བའི་སྲས་ལས་འཁྲུངས།