R755: དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར། གླེགས་བམ་དང་པོ།

  • Pagination (Witness A): 20
[A:20]གཉིས། བཀའ་དང་བསྟན་བཅོས་སོ། །དང་པོ་ནི། ལྷའི་བུ་རབ་གནས་ཀྱིས་ཞུས་པའི་མདོ་ལས། ཆོས་རྣམས་ཐམས་ཅད་བཀའ་དང་བསྟན་བཅོས་གཉིས་སུ་འདུས། །ལེགས་པར་གསུངས་དང་དེ་ཡི་དགོངས་འགྲེལ་བཅས། །དེ་ཡི་དབང་གིས་ཤཱཀྱའི་བསྟན་པ་ནི། །འཇིག་རྟེན་ཁམས་འདིར་ཡུན་རིང་གནས་པར་འགྱུར། །ཞེས་གསུངས་པ་ལྟར། བདག་རྐྱེན་གྱི་གཙོ་བོ་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའི་བཀའ་ལུང་གི་ཚོགས་དང༌། སྟོན་པའི་ཕྲིན་ལས་ཀྱི་རྒྱུན་དམ་པ་འཇིག་རྟེན་གྱི་ཁམས་སུ་ཡུན་རིང་དུ་མི་ནུབ་པར་རྗེས་སུ་སྐྱོང་བར་བྱེད་པ་སྤྲུལ་པའི་སྐྱེས་བུ་ཆེན་པོ་རྣམས་ཀྱིས་བཀའི་དོན་ལེགས་པར་བཀྲལ་བའི་དགོངས་འགྲེལ་བསྟན་བཅོས་ཀྱི་ཚོགས་ཆེན་པོ་གཉིས་སོ། །དེ་དག་གི་རྣམ་པར་གཞག་པ་ལ་གཉིས། དང་པོ་བཀའི་རྣམ་པར་གཞག་པ་ལ་མཚན་ཉིད། སྒྲ་དོན། དབྱེ་བ་སྟེ་གསུམ་ལས། དང་པོ་ནི། བརྗོད་བྱ་དོན་དང་ལྡན་པ། རྗོད་བྱེད་ཀྱི་ངག་ཚིག་དྲི་མ་མེད་པ། བྱེད་ལས་ཁམས་གསུམ་གྱི་ཉོན་མོངས་སྤོང་བ། འབྲས་བུ་ཞི་བའི་ཕན་ཡོན་སྟོན་པར་བྱེད་པའི་གསུང་རབ་དེ་ཉིད་དེ། རྒྱུད་བླ་མ་ལས། གང་ཞིག་དོན་ལྡན་ཆོས་དང་ཉེར་འབྲེལ་ཞིང༌། །ཁམས་གསུམ་ཀུན་ནས་ཉོན་མོངས་སྤོང་བྱེད་གསུང༌། །ཞི་བའི་ཕན་ཡོན་སྟོན་པར་མཛད་པ་གང༌། །དེ་ནི་དྲང་སྲོང་གསུང་ཡིན་ལྡོག་པ་གཞན། །ཞེས་སོ། །གཉིས་པ་ནི། སུ་བྷ་ཥི་ཏ་ཞེས་པ་ལེགས་པར་གསུངས་པས་ན་བཀའོ། །ཇི་ལྟར་ལེགས་པར་གསུངས་ན་གསུང་དབྱངས་ཡན་ལག་བཅུ་ཚན་དྲུག་པས་ཏེ། འཕགས་པ་བྱམས་པས། བདེ་གཤེགས་གསུང་ནི་མཐའ་ཡས་ཏེ།